སློབ་གཉེར་དང་དུས་རབས།

དུས་རབས་དང་། སློབ་གཉེར། དད་མོས། ལྟ་ཚུལ་བཅས་ཀྱི་དོན་དངོས་དཔྱད་གླེང་།

selshul_rinchenསེར་ཤུལ་རིན་ཆེན་དོན་གྲུབ།

“༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ལས། ལྷག་དོན་དགོན་པའི་ནང་ལ་ཡོད་པའི་དགེ་ཚུལ་གཞོན་ནུ་དེ་ཚོའི་གྲས་ལ་དེང་དུས་ཀྱི་སློབ་སྦྱོང་བྱེད་ཡ་དེ་ཚོ་དམིགས་བསལ་གྱིས་ལྟ་རྟོག་མ་བྱས་པར་དེ་སྔའི་ལམ་དང་ལུགས་སོ་ཞིག་ཡིན་ཟེར་ནས་དཔེ་ཆ་ཚིག་སྐམ་པོ་ཞིག་བསླབས།

ཉེས་རྟགས་འདྲ་བཏང་། དེ་འདྲ་ཞིག་མ་གཏོགས་མེད་བསྡད་ནས་ཕྱིན་པ་ཡིན་ན་ལོ་གཉིས་གསུམ་བཞི་ལྔ་ཞིག་གི་དུས་ཚོད་སྐྱེལ་དུས་སློབ་གྲྭར་འགྲོ་བའི་དུས་ཚོད་དེ་ཡང་འདས། དེའི་རིང་ལ་ཚིག་སྐམ་པོ་ཞིག་བསླབས་བཞག་པ་དེ་ཡིས་སོ་སོའི་མི་ཚེ་གང་པོ་དགོན་པ་ནས་བསྡད་དེ་ཁུང་འཁྱོལ་ན་འགྲིག་གི་རེད་དེ། གང་འཚམ་ཞིག་ནས་དགོན་པར་སྡོད་འདོད་མེད་པའི་བཟོ་འདྲ་བོ། ཆོས་འགོ་མ་ཐོན་པ་འདྲ་བོ་ཆགས་པ་ཡིན་ན། ཕྲུ་གུ་དེ་དགོན་པ་གྲྭ་ཚང་ལ་ལོག་ལྟ་སྐྱེ་ཡ་ཞིག་ཆགས་སྲིད། ང་ཆུང་ཆུང་སྐབས་ཚིག་སྐམ་པོ་ཞིག་བསླབས་ཏེ་སློབ་གྲྭར་འགྲོ་བའི་གོ་སྐབས་མ་བྱུང་། ཡང་ན་ལུས་ལ་གྲྭ་ཆས་གཡོགས་པ་ནང་བཞིན་བློ་འཛིན་བྱས་བཞག་པ་དེ་ལ་ཚིག་འགྲེལ་ཞིག་རྒྱབ་ཐུབ་པ་བྱུང་ན་རེད་དེ། དེ་ཡང་བྱུང་མ་སོང་། ཚིག་སྐམ་པོ་རྐྱང་རྐྱང་བལྟས་ནས་ཐབས་རྡུགས་བྱས་སོང་། ངའི་མི་ཚེ་འཕྲོ་བརླག་བྱས་སོང་ཟེར་བའི་ཉེན་འགའ་འདུག དེ་འདྲ་ཡིན་དུས་དགོན་པ་གྲྭ་ཚང་གི་གྲྭ་ཆུང་ཡོད་པ་དེ་ཚོའི་གྲས་ལ་ཁོ་རང་རབ་བྱུང་རང་བྱས་ནས་མི་ཚེ་སྐྱེལ་ན་ཡང་འགྲོ་སྟངས་ཡག་པོ་ཞིག་བསླབས། བློ་འཛིན་གལ་ཆུང་ཆུང་རེད། དོན་དག་ཤེས་པ་གལ་ཆེན་པོ་རེད། ཆོས་ཡག་པོ་ཤེས་པ་ཡིན་ན་ཕྱིན་ཆད་དགོན་པ་གྲྭ་ཚང་ནས་ཐོན་པ་ཡིན་ན་ཡང་སྤྱི་ཚོག་ནང་ལོག་ལ་ཆོས་ཤེས་པའི་པ་བ་ཞིག་བྱས་ན་འགྲིག་པ་རེད།

དགོན་པ་གྲྭ་ཚང་གི་འགན་ཁུར་ནས་ལྟ་རྟོག་བྱེད་མཁན་ཚོས་ཡག་པོ་མ་བྱས་ན་སྤྱི་ཚོགས་ནང་ལོག་ལ་ཕན་རྒྱུའི་ཚབ་ལ་གནོད་རྒྱུའི་ཉེན་ཁ་དང་བྱིས་པ་མང་པོའི་མདུན་ལམ་འཕྲོ་རླག་འགྲོ་བའི་ཉེན་ཁ་གཏན་གཏན་ཡོད་རེད།” ཅེས་གསུངས། བཀའ་སློབ་འདི་ནི་བདག་གི་རྩོམ་ཡིག་འདིའི་གཞི་འཛིན་ས་དང་བསམ་བློའི་འབྱུང་ཁུངས་ངོ་མ་དེ་ཡིན། ངས་བཀའ་སློབ་འདིས་གང་ཞིག་ལ་འཇིགས་སྣང་སྐུལ་འདོད་བྱེད་པ་མིན་ལ་གང་ཟག་བྱེ་བྲག་པ་རེའི་བསམ་སྤྱོད་འབུར་འཇོམས་བྱེད་འདོད་དེ་བས་ཀྱང་མིན། དོན་དམ་མི་ཆུང་ཞིག་གིས་དགོན་པ་གྲྭ་ཚང་དང་བོད་མི་རིགས་ལ་ཡར་སེམས་བཟུང་བའི་རྣམ་འགྱུར་ཙམ་ཞིག་ཡིན། དོན་དངོས་ཐོག་དུས་རབས་ཉེར་གཅིག་པའི་ལང་ཚོའི་མཛེས་དཔལ་ཁྲོད་དུ་ངུར་སྨྲིག་འཛིན་པའི་ཚོགས་སྡེ་འདི་ཡང་མདུན་ནས་མདུན་དུ་བསྐྱོད་དེ་དོན་དངོས་ལག་ལེན་གྱིས་བསྟན་པ་འཛིན་ཅིང་སྤེལ་བ་སྟེ་ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་ལ་ཕན་བདེ་སྐྲུན་པ་དང་། རང་ཉིད་དུས་རབས་ཀྱི་བསམ་བློ་དང་གདེང་འཇོག་གི་རྗེས་སུ་མ་ལུས་པ་བྱེད་པ་ནི་ད་ལྟ་ང་ཚོས་ངེས་པར་དུ་བསྒྲུབ་དགོས་པའི་འགན་འཁྲིའོ་ཞེས་བསྒྲགས་བསམ་བའོ།། འགྲོ་བ་མི་རྣམས་ཇི་སྲིད་འཚོ་བ་དེ་སྲིད་སྙན་གྲགས་དང་ཆེ་མཐོང་ལ་བྲལ་ཐབས་མེད་ལ་དགོས་ངེས་ཀྱི་གདེང་འཇོག་དང་ཡང་བྲལ་ཐབས་མེད། གདེང་འཇོག་དང་སྙན་གྲགས་ཀྱི་གཟི་བརྗིད་གང་ཡང་མེད་པ་དེ་ནས་མི་རིགས་དེ་དང་། དགོན་པ་དེ། སློབ་གྲྭ་དེ། ཚོགས་པ་དེ་སོགས་ཁོག་སྟོང་དང་སྙིགས་རོ་ཁོ་ན་ཡིན། དོན་དངོས་ཐོག་སུ་གང་གིས་རང་ཉིད་སྙིགས་རོ་བྱེད་འདོད་མེད་ལ་རང་ཉིད་སྙིགས་རོ་ཆགས་འདོད་ཀྱང་གཏན་ནས་མེད། འོན་ཀྱང་རང་ཉིད་ཀྱི་བསམ་བློ་དུས་རབས་ཀྱི་ལྡོག་ཕྱོགས་སུ་ཕྱིན་པ་དེས་སྤྱི་ཚོགས་ཁྲོད་ཀྱི་རང་ཉིད་ཀྱི་གཟུགས་བརྙན་ལ་གཏོར་རླག་གཏོང་བཞིན་ཡོད། དེ་ནི་འཇིག་རྟེན་གྱི་འཚོ་གནས་རིན་ཐང་གི་ངོས་ནས་བཤད་པ་ཡིན། དམ་པའི་ལྷ་ཆོས་ཀྱི་ངོས་ནས་བལྟས་ན་སྤྱི་ཚོགས་དང་དུས་རབས་ཀྱི་བསམ་བའི་འཆར་སྒོར་བསྟུན་དགོས་པ་ལས་སྤྱི་བརྟོལ་གྱི་བསམ་བློ་དབང་བཙན་པའི་བགྲོད་ལམ་དུ་བསྐྱོད་མི་རུང་བ་དང་། རང་གི་དགའ་ཕྱོགས་དང་རང་གི་བགྲོད་ལམ་འདི་ཁོ་ན་ཡང་དག་པ་ཡིན་གྱི་གཞན་ནི་མུ་ཅོར་རོ་ཞེས་པའི་རྐང་ལམ་བདམས་མི་རུང་བ་ནི་ནང་བསྟན་རིགས་པའི་མཁས་དབང་དག་གིས་ནན་གསུང་གནང་ཡོད་པ་སྟེ། ཇི་ལྟར་ནད་པ་ནད་རྣམས་ལ།། སྨན་པ་སྨན་རྣམས་གཏོང་བ་ལྟར།། སངས་རྒྱས་དེ་བཞིན་སེམས་ཅན་ལ།། ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ།། ཞེས་སོགས་སོ།། ཆོས་པ་ལ་ཆོས་པའི་འགྲོ་སྟངས་དགོས་པ་དང་ཁྱིམ་པ་ལ་ཁྱིམ་པའི་འགྲོ་སྟངས་དགོས་པས་དེང་རབས་ཀྱི་བསམ་བློ་ནི་རབ་བྱུང་དང་དགོན་པའི་འདོར་བྱ་ཁོ་ནའོ་བསམ་པའི་འདུ་ཤེས་ཅན་མང་ཚོད་གདའ་ཡང་དེ་ནི་དུས་རབས་ཀྱི་བསམ་བློའི་ཚད་གཞི་ཉེས་ཕྱོགས་ཁོ་ན་ལ་བཟུང་བའི་ལྟ་ཚུལ་གྱིས་བློ་མིག་ལྡོངས་པ་ཡིན་པས་ལེགས་ཉེས་ཀྱི་ཕྱོགས་གཉིས་ཀར་ལྟ་བ་གནད་དོ།། གལ་སྲིད་ང་ཚོར་སྤྱི་ཚོགས་འདི་དང་དུས་རབས་འདིའི་མི་རྣམས་ཀྱི་གདེང་འཇོག་དང་ཆེ་མཐོང་དགོས་མིན་ནི་དྲི་བའི་གནད་རྩ་ཡིན། གལ་སྟེ་དེ་དག་གང་ཡང་མི་དགོས་པར་ང་ཚོ་ནི་སེམས་ཀྱི་ཉོན་མོངས་བཏུལ་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་ཁོ་ན་དོན་གཉེར་ཅན་ནོ་ཟེར་ན་ནི་ལེགས་སོ་ལེགས་སོ་ཁྱེད་ཅག་གིས་གསུང་བ་དང་བྱས་པ་ལ་མངོན་པར་བསྟོད་དོ་ཞེས་སྙིང་ཁུང་རུས་པའི་གཏིང་ནས་སྨྲའོ།། གལ་སྲིད་དེ་ལྟར་མིན་པར་ང་ཚོས་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་པ་དང་ལྷན་དུ་སྤྱི་ཚོགས་ཁྲོད་དུ་ང་ཚོར་གདེང་འཇོག་དང་ཆེ་མཐོང་དགོས་པ་དང་ང་ཚོ་ཡང་སྤྱི་ཚོགས་དང་མཉམ་དུ་མདུན་སྐྱོད་དགོས་ན་ནི་དུས་རབས་དང་སྤྱི་ཚོགས་ཀྱི་བསམ་བློ། དེ་དང་འཚམ་པའི་ཉེར་མཁོའི་ཡོ་ཆས་མཐའ་དག་འདི་ནི་སྔོན་མེད་དོ།།

འདི་ནི་སློབ་གཉེར་གྱི་གེགས་སོ།། འདི་ནི་ངའི་བསམ་བློར་མི་བབ་པས་མཐའ་གཅིག་ཏུ་སྐྱོན་ཅན་ནོ།། འདི་ལྟ་བུའི་རྒྱུ་མཚན་དག་གིས་རྩ་གཏོར་མི་གཏོང་བར་འདི་དག་གི་དགེ་མཚན་དང་ལེགས་ཕྱོགས་ལ་ཡང་དབྱེ་ཞིབ་བྱ་དགོས། སློབ་གཉེར་ཡར་རྒྱས་ཁོ་ན་བསམ་ནས་ལྷག་བསམ་རྣམ་དག་གིས་རྩོད་པ་དང་ཆོས་རའི་དུས་ཚོད་རིང་དུ་གཏོང་བ་ཁོ་ན་གལ་གནད་དུ་འཛིན་པ་འདི་ཡང་དོན་དམ་པར་སློབ་གཉེར་བ་ཚོའི་དད་མོས་ལ་རྒྱབ་འགལ་དང་། དེའི་ཚོད་ཀྱི་སློབ་གཉེར་ཡར་རྒྱས་ཀྱི་གྲུབ་འབྲས་དཀའ་བར་སྣང་བས་དེའི་ཤུགས་རྐྱེན་དང་། ཕྱོགས་གཞན་དག་ལ་བསམ་དགོས་པ་ཡང་གལ་ཆེའོ།། བསམ་བློ་ཞིབ་ནན་གྱིས་གཏོང་སྐབས་ཡ་ང་ཞིང་གནས་ལུགས་དང་འགལ་བའི་བྱ་སྤྱོད་ཇི་སྙེད་ཅིག་ཀྱང་མཐོང་ཡོང་བ་སྟེ་ཕྱོགས་གཅིག་ནས་གྲྭ་རྒྱུན་ཉུང་དུ་འགྲོ་བའི་གནས་སྟངས་ལ་སེམས་འཚབ་གྱི་རྣམ་པ་ཤུགས་ཆེར་སྟོན་བཞིན་ཡང་ཕྱོགས་གཞན་ཞིག་ནས་གྲྭ་གཞོན་ཚོའི་དགའ་མོས་བྱ་སའི་ཁོར་ཡུག་དང་། ཉེར་མཁོའི་ཡོ་ཆས་ཡོད་ཚད་དགོན་པ་དང་ཁོར་ཡུག་ནས་རྒྱང་ཕུད་ཀྱི་ལས་རྩོམ་བཞིན་པ་འདིས་ན་གཞོན་ཚོ་དགོན་པར་ཡོང་བའི་བཀག་རྡོ་སྐྲུན་བཞིན་པ་ཡང་མ་ཤེས་པ་འདྲའོ།། དགོན་པ་གྲྭ་ཚང་གི་མཚན་སྙན་གྲགས་ཞེས་སུས་ཀྱང་གཙིགས་འཛིན་བྱེད་བཞིན་པ་དེ་ཡང་ཞིབ་དེད་བྱས་ན་དགོན་པ་ནང་ཕན་ཚུན་དང་གྲྭ་ས་ནང་ཕན་ཚུན་ཙམ་ལ་གོ་བ་བླང་དགོས་པ་འདྲ་སྟེ་དེ་ལས་བརྒལ་བའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་སྡེིངས་ཆར་སྙན་གྲགས་སྤེལ་བྱེད་ཀྱི་མཐུན་གྲོགས་ལྟ་བུའི་ཤེས་བྱ་དང་། མཁོ་སྤྱད་རྣམས་ནི་གལ་ཆུང་དང་སློབ་གཉེར་གྱི་གེགས་ཞེས་སྣ་གཉེར་བྱེད་པའི་གད་སྙིགས་སུ་སྒྲོག་པས་སོ།།

ལར་ནས་མི་ལོ་བཅུ་ཕྲག་མང་པོར་གཞུང་ཆེན་སློབ་གཉེར་གྱི་ལས་ལ་བརྩོན་བརྩོན་པའི་མཐར་ནང་བའི་སློབ་དཔོན་ཆེན་པོ་སློབ་དཔོན་ཞི་བ་ལྷས། དེ་བཞིན་ཕྱི་རོལ་དངོས་པ་ཡང་།། བདག་གིས་ཕྱིར་ལྡོག་མི་ལང་གིས།། བདག་གི་སེམས་འདི་ཕྱིར་ལྡོག་བྱའི།། གཞན་རྣམས་ལྡོག་གོ་ཅི་ཞིག་དགོས།། ཞེས་པའི་དགོངས་དོན་ལས་ལྡོག་ཕྱོགས་སུ་སོང་སྟེ་ནང་གི་སེམས་དགོས་མེད་དང་རྣམ་གཡེང་ལ་ཕྱོགས་པའི་གཉེན་པོ་སྟེ་སྒྲུབ་གྲྭ་ཟུར་འཛུགས་དང་། སེམས་ཀྱི་སྒོམ་སྒྲུབ། ཁ་ཡོད་ལག་ཡོད་ཀྱི་ཉམས་ལེན་བྱེད་ཐབས། དམིགས་བསལ་སེམས་ཞི་བའི་ཕྱོགས་སུ་གོམས་འདྲིས་བསྟེན་ཐབས། སེམས་ཀྱི་མྱོང་འཁྲིད་དང་དམར་འཁྲིད་ཀྱི་ལས་རིམ་གོ་སྒྲིག་སོགས་ལ་དམིགས་བསལ་སློབ་གསོ་དང་དམ་འཛིན་གང་ཡང་མི་བྱེད་པར་ཕྱི་རོལ་ཁོ་ནས་ཉེས་ཕྱོགས་བཙལ་ཏེ་ཉེར་མཁོའི་་དངོས་པོ་ཡོད་ཚད་འགོག་པའི་གྲོས་གཞི་དང་ཁྲིམས་སྲོལ་བཟོ་བ་ནི་ཅི་འདྲ་བསམ་པའི་སྐྱོ་ཤས་རེ་ཡང་རེ་འགའ་སྐྱེས་སོ།། དོན་དངོས་ཐོག་ནང་དོན་རིགས་པའི་གཞུང་ལུགས་ཀྱི་དགོངས་དོན་ནི་དུས་རབས་དང་སྤྱི་ཚོགས་ཀྱི་དཔལ་ཡོན་མཐའ་དག་རང་འཁྲིས་ནས་རྒྱང་ཕུད་དུ་གཏོང་དགོས་པ་དེ་མ་ཡིན་པར་ནང་སེམས་ཀྱི་ཁ་ཕྱོགས་བརྟན་སྲུང་བྱ་དགོས་པ་འདི་ཡིན་པས་དགོན་པ་ནས་དུས་རབས་ཀྱི་མཁོ་ཆས་ཡོད་ཚད་རྒྱང་ཕུད་གཏོང་བའི་གཡུལ་བཤམས་པ་ལས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་གསུང་བའི་བཀའ་དགོངས་བཞིན་སྒྲུབ་གྲྭ་ཟུར་འཛུགས་དང་། བཤད་པ་དང་ཐོས་བ་ཙམ་མ་ཡིན་པར་སྒྲུབ་པ་སྟེ་སེམས་ལེགས་བཅོས་ཀྱི་བྱ་བར་ནན་གཏན་དང་། གོམས་འདྲིས་ཀྱི་ཕྱོགས་སུ་སྐུལ་དེད་བྱེད་པའི་ཆ་རྐྱེན་དང་ཁྲིམས་གཞི་གསར་འཛུགས་བྱ་བ་ཅིས་ཀྱང་དགོས་གལ་ཆེའོ།།

འདི་ནི་དོན་དམ་པའི་སློབ་གཉེར་ཡར་རྒྱས་ཀྱི་གཞི་རྩ་ཉིད་ཡིན། འདིའི་རྒྱུ་མཚན་གཙོ་བོ་ཡང་། ཆོས་གཞུང་ལས། མ་གུས་པ་ལ་ཆོས་མི་བཤད་།། ཅེས་བ་ལྟར་སློབ་གཉེར་བ་རྣམས་སློབ་མཚན་དེ་དང་སློབ་གསོ་དེར་དགའ་མོས་ཡོད་དགོས་པ་གཞི་རྩ་ཡིན་པས་སོ།། གལ་སྲིད་ང་ཚོས་སློབ་གཉེར་ཡར་རྒྱས་དགོས་པའི་རྒྱུ་མཚན་གྱིས་སློབ་གཉེར་བ་རྣམས་ཀྱི་དགའ་ཕྱོགས་དང་འདུ་ཤེས་ལ་བརྩིས་མེད་དང་། དུས་ཀྱི་བསམ་བློར་འགོག་རྒོལ་ཁོ་ན་བྱས་ན་ནམ་ཞིག་ང་ཚོར་ཡོད་པ་ནི་དུས་རབས་ཀྱི་རྗེས་སུ་ལུས་པའི་སློབ་གཉེར་བ་ཆེས་ཉུང་ཉུང་ཞིག་ལས་མི་ལྷག་པའི་གནས་སྟངས་ཤར་ཡོང་ཞིང་དེ་དུས་དུས་རབས་ཀྱི་བསམ་བློའི་རྗེས་སུ་སྙེག་པའི་མི་བུ་སུས་ཀྱང་ང་ཚོར་གདེང་འཇོག་དང་ཆེ་མཐོང་བྱེད་མི་སྲིད། དེ་ནི་ཕྱོགས་གཅིག་ནས་ཁོང་ཚོའི་བློ་མིག་གིས་ང་ཚོའི་ཡོན་ཏན་མ་མཐོང་བས་ཡིན་ཡང་ཕྱོགས་གཞན་ཞིག་ནི་ང་ཚོས་སྤྱི་འགྲོས་ཀྱི་བསམ་སྤྱོད་ལ་མཐུན་ཐབས་མ་བྱས་པར་སྒེ་ཚུགས་ཀྱི་མཁྲེགས་འཛིན་ཆེ་དྲགས་པའི་ནག་ཉེས་ཡིན། གང་ལྟར་བྱེད་སྟངས་འདི་དག་༸གོང་ས་༸སྐྱབས་མགོན་ཆེན་པོས་དུས་ནས་དུས་སུ་དུས་རབས་ཉེར་གཅིག་པའི་ཆོས་པ་གྱིས་ཤིག་ཨང་གསུང་བའི་ལམ་སྟོན་གྱི་ལྡོག་ཕྱོགས་སུ་ཕྱིན་པར་ངེས་པས་སློབ་གཉེར་ཡར་རྒྱས་ནི་ཕྱིའི་རྒྱུ་རྐྱེན་ཁོ་ན་ལ་ཐུག་མིན་དང་། སློབ་གཉེར་བ་སོ་སོའི་དགའ་ཕྱོགས་དང་སློབ་གསོའི་ལམ་ལུགས་ལ་ཞིབ་དཔྱད། ལྷག་པར་དུ་སློབ་གཉེར་བྱེད་བཞིན་པ་རྣམས་ཀྱི་བསམ་ཚུལ་བསྡུ་ལེན་དང་། བསམ་བློ་བརྗེ་རེས་སོགས་ཀྱིས་གཏན་ཁེལ་དགོས་པ་ལས་ད་ལྟའི་སློབ་གཉེར་བའི་གནས་སྟངས་དང་། གོ་རྟོགས། དད་མོས་སོགས་ལ་རྒྱུས་མངའ་ཆེར་མེད་པའི་འབྲེལ་ཡོད་ལས་སྣེ་དག་གི་དགོངས་ཚུལ་ཁོ་ན་ལ་གཏུགས་ནས་གཏན་འབེབས་བྱས་ན་སློབ་གཉེར་ཡར་རྒྱས་ལས་ལྡོག་སྟེ་ཉམས་རྒུད་དང་། གདན་ས་ཁག་ཏུ་སློབ་གཉེར་བ་ཉུང་ནས་ཉུང་དུ་འགྲོ་བའི་གནས་སྟངས་མངོན་གསལ་ལགས་པས་འབྲེལ་ཡོད་རྣམས་ཀྱིས་ཐུགས་གཞིགས་གཏིང་ཟབ་གནང་རོགས། འདི་ནི་ང་གཅིག་པོའི་བསམ་ཚུལ་ཙམ་མིན་པར་སློབ་གཉེར་བ་དཀྱུས་མ་ཆེས་མང་པོ་ཞིག་གི་བསམ་ཚུལ་ཡིན་པ་དང་། མཉམ་འགྲོ་མཉམ་འདུག་གི་སློབ་གཉེར་བ་ཆེས་མང་པོ་ཞིག་གི་བསམ་ཚུལ་ཕྱོགས་བསྡོམས་བྱས་པ་ཞིག་ཀྱང་ངོ།། འདི་ནི་བསྟན་པ་ལ་དད་ཅིང་གུས་པའི་སློབ་གཉེར་བ་དཀྱུས་མ་ཞིག་གི་བསྟན་པ་དར་འཕེལ་ལ་བསམ་པའི་དོན་དངོས་ཞིག་ཡིན་ལ་རང་དང་འདྲ་བའི་སློབ་གཉེར་བ་ཆེས་མང་པོ་ཞིག་གི་རེ་སྐུལ་དང་བསམ་དོན་ཡང་ཡིན་པས་འབྲེལ་ཡོད་དག་གིས་དགོངས་བཞེས་གནང་བའི་རེ་བ་དང་ཡིད་ཆེས་ཡོད།

2012/8/12ལ་བྲིས།

Share this:
༡༢༤ ཀློག་གྲངས།