རྒྱ་གར་ལྷོ་ཕྱོགས་མེ་སོར་ཁུལ་གྱི་བོད་མིའི་དཀའ་ངལ།

ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྞ་ཊ་ཀ མེ་སོར་གྲོང་ཁྱེར་གྱི་བོད་མི་འགྲོ་སྡོད་བྱེད་སའི་ཨིན་དྷ་ར་བྷ་ཝན་མགྲོན་ཁང་ཉེ་འགྲམ་ནས་བོད་མི་བསྟན་འཛིན་དར་རྒྱས་ལ་རྒྱ་གར་བས་གྲིས་བརྒྱབ་པའི་གནས་ཚུལ་བྱུང་ཡོད་པ་དང་།

ཚེས་ ༡༥ ཉིན་ས་གནས་གསར་འགོད་པ་མེ་སཽར་རྒྱ་གར་གཞུང་གི་ K.R སྨན་ཁང་དུ་བཅར་ནས་གནས་ཚུལ་རྟོག་ཞིབ་བྱས་སྐབས། བོད་མི་རྨས་མ་དེ་ཛ་དྲག་སྨན་ཁང་ནས་མྱུར་སྐྱོབ་ཐུབ་དེ་ད་ལྟ་སྤྱིར་བཏང་ནད་པའི་ཉལ་ཁང་དུ་ཉེན་རྟོག་པའི་སྲུང་སྐྱོབ་འོག་བཞག་འདུག

སྨན་པས་བརྗོད་པ་ལྟར་ན་སྤྱིར་རྨས་རྐྱོན་ཚབས་ཆེན་བྱུང་འདུག་ཀྱང་། ཆུ་ཚོད་གསུམ་ལྷག་གི་རིང་ལ་བཤའ་བཅོས་བྱས་རྗེས་སྲོག་ཉེན་མི་འདུག་ཅེས་བརྗོད་སོང་། ས་གནས་ཉེན་རྟོག་པ་དང་རྒྱ་གར་གསང་ལས་པ་དག་གིས་ཉེས་ཅན་པ་རྩད་གཅོད་བྱེད་བཞིན་འདུག་པ་དང་། ཁོ་ཚོས་གློ་བུར་བའི་དོན་རྐྱེན་དེ་རྒྱ་གར་བྱང་ཤར་ཡུལ་མིར་ནོར་ནས་གྲི་བསྣུན་པའི་དོགས་པ་བྱེད་བཞིན་འདུག བོད་མི་ཚོས་རྒྱ་གར་དང་བོད་མིའི་དབར་རྒྱ་ནག་གིས་འགལ་ཟླ་བཟོ་ཐབས་སུ་གནས་ཚུལ་དེ་འདྲ་སྤེལ་གྱི་མེད་དམ་སྙམ་པའི་དོགས་པ་བྱེད་མཁན་ཡང་འདུག གང་ལྟར་ས་གནས་སུ་གནས་ཚུལ་ལྷག་མ་ཐག་ནས་འབྲེལ་ཡོད་ས་གནས་ཉེན་རྟོག་པ་ཚོས་བོད་མི་འདུས་སྡོད་ཁུལ་གྱི་བདེ་འཇགས་ཆེད་ལྟ་སྲུང་དམ་པོ་བྱེད་འགོ་བཙུགས་ཡོད་པ་རེད།

གཞན་ཡང་ཉེ་སྔོན་འབར་མའི་ནང་ནང་པ་དང་ཁ་ཆེའི་དབར་འཁྲུག་འཛིང་ཤོར་བ་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་ཁུལ་ཀྱི་བོད་མིར་ཁ་ཆེ་བ་མི་སེར་རེ་ཟུང་གི་རྣམ་འགྱུར་མི་ལེགས་བསྟན་ཡོད་འདུག་པའི་སྐོར་དེ། ས་གནས་དེར་གནས་སྡོད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལ་དྲིས་པར། ཁོང་གིས་ཉེ་སྔོན་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས། འབར་མའི་ཡུལ་གྱི་ཁ་ཆེ་དང་ནང་པའི་དཀའ་ངལ་སྐོར་གླེང་ནས་ས་གནས་རྒྱ་གར་ཁ་ཆེ་བ་རེ་ཟུང་གིས་རྣམས་འགྱུར་མི་ལེགས་པ་དང་། ཚིག་རྩུབ་སྨྲ་མཁན་དེ་འདྲ་བྱུང་སོང་། གནས་ཚུལ་དེ་འདྲ་ལ་བརྟེན་ནས་ས་གནས་སུ་དཀའ་ངལ་འཕྲད་རྒྱུར་དོགས་ནས་ཟླ་འདིའི་ཚེས་ ༡༣ ཉིན་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་སོགས་འབྲེལ་ཡོད་མི་སྣ་ཁག་གིས་ས་གནས་ཀྱི་ཁ་ཆེ་མི་སྣ་དང་འབྲེལ་ཡོད་དཔོན་རིགས་ཚོར་དོགས་སེལ་བཀའ་གྲོས་བྱས་ཡོད་པས། ད་ལྟའི་བར་ས་གནས་སུ་དཀའ་ངལ་དམིགས་བསལ་འཕྲད་མ་བྱུང་ཅེས་བརྗོད་སོང་།

དེ་བཞིན་ཟླ་འདིའི་ ༡༥ སྦེལ་ཀོབ་ལུགས་བསམ་དང་བདེ་སླར་གཞིས་ཆགས་གཉིས་ཀྱི་གཅིག་ལྕོག་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་ཀྱིས་གཙོས་པའི་བོད་མིའི་གནད་ཡོད་མི་མི་སྣ་དག་ས་གནས་ཁ་ཆེའི་མི་ཆེན་ཁག་ལ་ཆེད་བཅར་གྱིས་ཁ་ཆེ་བ་དང་བོད་མིའི་དབར་དོགས་སེལ་དང་མཐུན་འབྲེལ་གྲོས་མོལ་བྱས་ཡོད་འདུག་པའི་སྐོར་ལ། སྦེལ་ཀོབ་བདེ་སྐྱིད་སླར་གསོའི་འབྲེལ་མཐུད་འགན་འཛིན་དགེ་ལེགས་འབྱུང་གནས་ལ་དྲིས་པར། ཁོང་གིས་དེ་རིང་ང་ཚོ་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་སོགས་འགན་ཡོད་མི་སྣ་ཚོས་ས་གནས་ཁག་གསུམ་གྱི་ཁ་ཆེའི་ཚོགས་པ་དང་མི་སྣ་ཆེ་ཁག་ལ་བཅར་ནས། དེང་སྐབས་བརྒྱུད་ལམ་ཁག་ཏུ་བོད་མི་དང་ཁ་ཆེའི་དབར་ཁུངས་མེད་དཀྲོག་གཏམ་སྣ་ཚོགས་ཤིག་ཁྱབ་བཞིན་པའི་སྐོར་ལ་གསལ་བཤད་དང་། དོགས་སེལ་གྲོས་མོལ་བྱེད་དུ་ཕྱིན་པ་ཡིན། སྐབས་དེར་རྒྱུན་རིང་པོར་ས་གནས་བོད་མི་དང་འབྲེལ་བ་ཡོད་པ་དང་རྒྱུས་ཡོད་པའི་ཁ་ཆེ་མི་རྒན་པ་ཚོས་བོད་མི་ལ་རྒྱུས་ཡོད། བརྒྱུད་ལམ་ཁག་གི་གནས་ཚུལ་དེ་འདྲ་བོད་མིས་བྱེད་ཀྱི་མ་རེད། ཡིད་ཆེས་ཡོད། དེར་བརྟེན་ཁོང་ཚོའི་མངའ་འོག་གི་ཁ་ཆེ་མི་སེར་གྱིས་བོད་མིར་དཀའ་ངལ་སྤྲད་ཀྱི་མ་རེད། འགན་ཁུར་བྱེད་ཐུབ་ཀྱི་ཡོད་ཅེས་བཤད་ཀྱི་འདུག ང་ཚོས་དེ་ལྟར་གསལ་བཤད་བྱེད་དུ་བཅར་བར་དགའ་པོ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་སོང་།

ཡིན་ནའང་དེང་སྐབས་ཁ་ཆེ་བའི་སྙུང་གནས་ཆོས་བསྒྲུབ་ཀྱི་དུས་ཚོད་མ་རྫོགས་སྔོན་ནས་འབྲེལ་ཡོད་ཁ་ཆེའི་གནད་ཡོད་མི་སྣ་ཁག་ལ་འབྲེལ་མོལ་གྱིས་བོད་དང་འབར་མའི་ནང་པའི་སྐོར་ལ་རྒྱ་གར་ཁ་ཆེ་བའི་དོགས་གནས་སེལ་ཐབས་དང་། ཁ་ཆེ་བ་དང་བོད་མིའི་བར་གྱི་མཐུན་འབྲེལ་གསར་པོ་བཟོ་རྒྱུ་དམིགས་བསལ་གཞུང་འབྲེལ་གྱིས་འགན་ཁུར་མ་བྱས་ན། མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་བསམ་ཚུལ་བོད་པ་དང་རྒྱ་གར་བའི་ནང་འབྱུང་བཞིན་འདུག་པ་དང་། དེང་སྐབས་སྤེལ་ཀོབ་དང་ཧོན་སུར་བོད་མི་ཚོ་གང་སར་ཕྱོགས་བསྐྱོད་བྱེད་པར་འཇིགས་སྣང་སྐྱེས་བཞིན་ཡོད་པ་རེད། །

མེ་སོར་གསར་འགོད་པས།

Share this:
༡༤༡ ཀློག་གྲངས།