བཀའ་ཁྲིའི་གསུང་ལས་འཕྲོས་པའི་གཏམ།

ཨོ་རྒྱན་ཉི་མ།
མཁས་དབང་བཀའ་ཁྲི་མཆོག་གིས་སཱ་ར་མཐོ་སློབ་ཀྱི་དུས་སྟོན་ཐོག་གནང་བའི་གསུང་བཤད་ལས། ༼༧གོང་ས་མཆོག་གིས་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་ལ་རྩིས་སྤྲོད་གནང་པའི་ལོ་གཅིག་རིང་ལས་དོན་ལ་འཐུས་ཤོར་ཕྱིན་མེད་པ་དང་། ད་ལྟའི་བཙན་བྱོལ་སྤྱི་ཚོགས་གཞན་ལས་ལྷག་ཅིག་བྱུང་ཡོད་པ་འདི་མི་རབས་རྒན་པ་དག་གི་བཀའ་དྲིན་ཡིན་པ།

ད་ཆར་བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་རྨང་རྡོ་ཉིན་རེ་བཞིན་སྲ་བརྟན་དུ་འགྲོ་བཞིན་ཡོད་པ་དེས་བཙན་བྱོལ་སྤྱི་ཚོགས་འཐོར་ཞིག་ཏུ་མི་འགྲོ་བའི་བརྡ་ལན་ཞིག་པེ་ཅིན་ལ་སྤྲོད་བཞིན་ཡོད་ཅེས་དང་། དེ་བཞིན་བཀའ་ཤག་གི་སྲིད་ཇུས་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་གསུམ་གྱི་སྐོར་གསལ་བཤད་གནང་སྐབས་ཁོང་གིས། བོད་མི་ཚོར་གཞན་རྟེན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་ཚུལ་དང་། གལ་སྲིད་སོ་སོར་རང་གི་རྐང་པའི་སྒང་ལངས་ཐུབ་པའི་གདེང་ཚོད་མ་བསླེབ་པར་དུ་བོད་ཀྱི་རྩ་དོན་འགྲུབ་ཁག་པོ་ཡིན་༽སྐོར་སོགས་གསུངས་པ་ཞིག དུས་བབ་ལས་མཐོང་སོང་བས་བསམ་གཞིག་བྱ་རྒྱུ་དང་། ཞིབ་འཇུག་བྱ་རིན་ཡོད་པའི་སྐད་ཆ་ཞིག་རེད། ཆབ་སྲིད་སྲ་བརྟན་དང་། བརྟན་ལྷིང་འགྲོ་བཞིན་ཡོད་མེད་མཐའ་གཅིག་ཏུ་ངེས་ཁག་པོ་རེད། ༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་ཞེས་པ་སྒྲིག་འཛུགས་ལ་ཐུགས་མོས་བྱུང་བ་དང་། བོད་རྒྱ་ཞི་མོལ་གྱིས་རང་སྲིད་རང་སྐྱོང་ལ་ཐུགས་འདུན་ཆེ་ལུགས་ལ་བལྟས་ན། མི་ཐོག་རྒན་པ་དག་རྫོགས་སོང་ན་བྱེས་ཀྱི་གཞོན་སྐྱེས་བོད་མི་ཚོས་ས་མི་ཟིན་པར་དགོངས་པ་དང་། རྒྱ་ནག་གཞུང་གིས་ཀྱང་དེ་ལ་བསྒུག་ནས་བསྡད་ཡོད་པ་རེད། དེ་ཕྱིར་ཆབ་སྲིད་སྲ་བརྟན་ཟེར་བ་དེ་ད་ལྟ་ཡོད་ཀྱང་གཞུག་ནས་ཁག་པོ་རེད་དེ། ༧གོང་ས་མཆོག་གིས་བཀའ་ཁྲི་ཁོང་ལ་སྲིད་དབང་གནང་སྟེ་ལོ་འཁོར་མོ་གཅིག་གི་ཡུན་ལ་འཐུས་ཤོར་སོང་མེད་པ་དེ་བདེན་པ་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་ནག་གཞུང་དང་། འཛམ་གླིང་མི་མང་གི་མིག་སྔར་དང་། སེམས་ཀྱི་གཏིང་རུམ་དུ་ཟིམ་ངེས་པའི་བྱ་བ་ཞིག་བྱ་འདོད་ན་བོད་ཀྱི་ཡ་རབ་སྤྱོད་བཟང་དང་། ཡུལ་སྲོལ་གོམས་གཤིས། ཕུལ་བྱུང་ཆོས་ཀྱི་རྩ་ཁྲིམས་དག་རྒྱུན་འཁྱོངས་ཀྱིས་འཛིན་དགོས་པ་རེད། གཞིས་བྱེས་གཉིས་ཀྱི་བོད་པ་ཚོས་ཆོས་དང་རིག་གཞུང་དམ་འཛིན་དང་། ཡ་རབ་དང་། དྲང་བདེན་དེ་སྔ་མ་ནང་བཞིན་འཛིན་ནུས་ན་བོད་ཅེས་པ་དང་། བོད་རིགས་ཟེར་བ་དེ་འཇིག་རྟེན་འདི་ནས་ཡལ་མི་ཐུབ་པ་མ་ཟད། ད་དུང་གཟི་བརྗིད་སྔར་བཞིན་གནས་ངེས་རེད། དེ་མིན་ལུས་ངག་ཡིད་གསུམ་ཡོད་ཚད་ནུབ་ཕྱོགས་པའི་ཆབ་སྲིད་དཔལ་འབྱོར་ཚན་རིག་གི་དབང་དུ་ལྷུང་ཞིང་། ཕྱིའི་སྐྱི་ལྤགས་ཙམ་ལས་གཞན་ནུབ་ཕྱོགས་པ་དང་ཁྱད་པར་རྩ་བ་ནས་མེད་པར་ཆགས་སོང་ན། བོད་པ་ཚོ་འཛམ་གླིང་ལ་གཡེར་གྲགས་ཆེ་བའི་འབྱོར་ལྡན་དང་། ཆབ་སྲིད་པ། ཚན་རིག་པ་ཞིག་ཆགས་སོང་རུང་རྒྱ་ནག་གཞུང་འཇིགས་མི་སྲིད་པ་དང་། འཛམ་བུ་གླིང་གི་རྒྱ་ཆེན་མང་ཚོགས་ཧ་ལས་མི་སྲིད་པ་དེ་ངེས་པར་དུ་ཤེས་དགོས་པའི་དོན་གྱི་གནད་གསང་ཞིག་རེད། དེ་མིན་དེང་སང་གཞོན་སྐྱེས་མང་པོ་ཞིག་གིས་ཁུ་ཚུར་གནམ་ལ་ཕྱར་ཏེ། ཁ་ནས་རྒྱ་ནག་གཞུང་ལ་དམོད་པ་བོར་བ་ཙམ་གྱིས་རང་བཙན་བླང་འདོད་པ་དང་། མི་སེམས་འགུགས་འདོད་པ་ནི་ནོར་བ་རྔམ་པོ་ཆེ་ཞིག་རེད། དེ་ཕྱིར་བོད་ལ་ངོམ་རིན་ཡོད་པའི་ཆོས་རིག་ལ་ཤི་འཐམ་རོ་འཐམ་གནངས་ཏེ། དུས་རབས་གཅིག་གམ། དུས་ཕྱེད་ཀ་ཞིག་སྲུང་ཐུབ་སོང་ན། གཞུག་ནས་འགྲོ་བ་མིའི་རིགས་ཡོངས་རྫོགས་ཀྱིས་ཆོས་རིག་གི་རིན་ཐང་དེ་རྟོགས་ཡོང་ དུས་རྩ་ནས་དེ་འདྲའི་དཀའ་ཞིག་ཡོད་པར་མི་འདོད། དུས་ཀྱི་གཉན་འཕྲང་ངོ་མ་དེ་ད་ལྟའི་དུས་ཚོད་དེ་རེད། རིག་གཞུང་གསར་རྙིང་ཁྱོད་ཤི་ང་གསོན་གྱིས་འཐབ་བཞིན་པ་དང་། རིག་གཞུང་རྙིང་པ་མང་པོ་ཞིག་གི་སྲོག་ཤོར་ཟིན་པ་དང་། འགའ་ཞིག་གིས་འཆོར་བཞིན་པ་དང། སླད་ནས་འཆོར་ངེས་རེད། དེ་ཕྱིར་རྙིང་ཞེན་དགོས་ཤིང་། རྙིང་པའི་ཁྱད་ཆོས་དང་། གསར་བའི་སྐྱོན་དག་བྱིས་པ་དང་། དར་མ་ཚོའི་རྣ་བར་དུས་ནམ་ཡང་སྒྲོག་དགོས་པར་སེམས།

བོད་པ་ཚོས་སྔ་མ་ནང་བཞིན་རྒྱ་གར་དང་། ཕྱི་རྒྱལ་ཁག་ཏུ་གཟི་བརྗིད་ཡོད་པ་ཞིག་དང་། རིན་ཐང་ཡོད་པ་ཞིག་བྱ་འདོད་ན་ཕུལ་བྱུང་གི་བློ་གྲོས་མངའ་ཞིང་། ཆོས་ལུགས་དང་། ཆོལ་ཁ་ཡོངས་རྫོགས་ལ་དབང་བསྒྱུར་ནུས་པར་མ་ཟད། འཛམ་གླིང་སྤྱི་ལ་བྱས་རྗེས་འཇོག་ནུས་པའི་གོང་ས་མཆོག་ནང་བཞིན་ཞིག་སུ་འོས་ས་རེད། སུས་བྱེད་ཐུབ་ས་རེད། གོང་ས་མཆོག་གི་ཕྱག་ལས་དེའི་འཕྲོ་མཐུད་ནུས་པའི་གང་ཟག་ཅིག་བསྐྱེད་སྲིང་བྱ་བའི་དུས་ཚོད་ལ་བསླེབ་པར་འདོད། ད་ལྟའི་ཆར་བསམ་བློ་བཏང་བ་ཡིན་ན་ཆོས་དང་། ཆབ་སྲིད་གཉིས་ཀའི་ཐད་ནས་གཞན་ལ་ཞུམ་མི་དགོས་པའི་དབུ་ཁྲིད་ཡོད་ཀྱང་། གཞུག་ནས་གང་ལྟར་བྱ་རྒྱུ་ཡིན། གོང་ས་མཆོག་གིས་ཏ་ལེ་བླ་མ་དེ་ཡེ་ཤུའི་བླ་ཆེན་ནང་བཞིན་ཞིག་འབྱུང་བ་ལ་ཐུགས་ འདུན་ཆེན་པོ་རེད་ལ། དེ་ལྟར་འགྱུར་ངེས་རེད། གལ་སྲིད་ཐོབ་གོ་ས་དང་། བསླབ་པའི་གོ་རིམ་བཞིནའགྲོ་དགོས་ཚེ་ཆོས་ཀྱི་དབུ་ཁྲིད་ལ་ངེས་པར་དུ་ཚང་དགོས་པ་ནི། དང་པོ་སྡོམ་དང་། དམ་ཚིག་གཙང་དགོས་པ་དང་། ལས་འབྲས་ལ་བརྩ་སྲུང་བྱེད་ཐུབ་མཁན་ཞིག་དགོས་པ་ནི་རྩ་བའི་ཆ་རྐྱེན་རེད། གཉིས་པ་དེའི་སྟེང་ནས་ཕུལ་དུ་བྱུང་བའི་བློ་གྲོས་ཤིག་ཡོད་དགོས་པ་དང་། བློ་གྲོས་དེས་རིག་གཞུང་གསར་རྙིང་གཉིས་ཀའི་དམིགས་ཕུག་ཐུབ་པ་ཞིག་དང་། གསུམ་པ་ཆོས་ལུགས་དང་ཆོལ་ཁ་ཡོངས་རྫོགས་ཀྱིས་ངོས་ལེན་བྱ་རུང་བ་ཞིག་དང་། བྱེད་ཐུབ་ས་ཞིག་དགོས་པ་དང་། བཞི་པ་དེ་གོང་ས་མཆོག་གི་མཛད་ཕྲིན་གྱི་མཇུག་སྐྱོང་ཐུབ་པ་ཙམ་དུ་མ་ཟད། དེ་ལ་ཆོད་སེམས་དང་། ཡིད་ཆེས་ཡོད་མཁན་ཞིག་དགོས་ངེས་རེད། འདིའི་སྐོར་གོང་ས་མཆོག་གིས་ཐུགས་དགོངས་གཏོད་བཞིན་པ་རེད་དེ། བོད་རྒྱ་ཆེན་མང་ཚོགས་ཀྱིས་ཀྱང་བསམ་བློ་གཏོང་དགོས་པའི་དུས་ཚོད་ལ་བསླེབ་པར་ མཐོང་། བོད་པ་ཚོས་སྔར་ཡང་བྱས་རྗེས་བཞག་པ་མཐའ་དག་ཆོས་ལ་བརྟེན་ནས་བཞག་པ་རེད། ད་ལྟ་ཡང་ཆོས་ལ་བརྟེན་བཞིན་པ་རེད། མ་འོངས་པ་ཡང་ཆོས་ལ་བརྟེན་ནས་མ་འཚོ་རང་འཚོ་རེད། ཆོས་ལས་ལྷག་པའི་བོད་ལ་སྐྱབས་གནས་ཤིག་ཁག་པོ་རེད། དེ་ཕྱིར་བོད་ཀྱི་ཆོས་དང་། ཆབ་སྲིད་གཉིས་ཀའི་དབུ་ཁྲིད་དེ་ཆོས་དང་རྒྱབ་འགལ་དུ་མ་སོང་བ་ཞིག་དགོས་པ་ནི་ བོད་པའི་ལས་དབང་རེད། བོད་ཀྱི་ལུགས་གཉིས་རྒྱབ་འགལ་དུ་སོང་ན་བོད་པའི་མི་འཇོན་པ་དེ་ཡང་ཤེས་དགོས་པ་ དང་། ཆོས་ཀྱི་དབུ་ཁྲིད་ཀྱིས་ཆབ་སྲིད་ཀྱི་ཕྱག་ལས་མ་གནང་རུང་། བོད་ཀྱི་ཆབ་སྲིད་པ་ཚོས་ངེས་པར་དུ་ཆོས་དང་མི་འགལ་བའི་བྱ་བ་ཞིག་ལ་གནས་ཏེ། ཆབ་སྲིད་སྐྱོང་དགོས་པ་དེ་ཡང་འཇིག་རྟེན་འདིའི་སྙིང་གི་དང་མ་ཡིན་པར་མཐོང་།

Share this:
༣༨ ཀློག་གྲངས།