བོད་ཀྱི་དགེ་འདུན་པའི་པར་བེད་སྤྱོད་ལོག་པར་བཏང་འདུག

ཉེ་ཆར་འབར་མའི་ནང་པ་དང་ཁ་ཆེའི་དབར་གྱི་རྩོད་རྙོག་དང་འབྲེལ་ནས་བརྒྱུད་ལམ་ཁག་གི་ནང་༢༠༡༠ ལོའི་སྐྱེ་རྒུ་མདོའི་ས་ཡོམ་སྐབས་ཀྱི་མིའི་སྲོག་ཤོར་བའི་འདྲ་པར་བེད་སྤྱོད་ལོག་པ་བྱས་པར་གསལ་བཤད་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་ཟླ་འདིའི་ཚེས་༡༤ ཉིན་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།

དེ་ཡང་གསལ་བསྒྲགས་དེའི་ནང་འཁོད་དོན། ཉེ་ལམ་འབར་མའི་ནང་པ་དང་ཁུལ་དེར་ཁ་ཆེ་སྐྱབས་བཅོལ་བ་རོ་ཧིན་གྷ་ Rohingya Muslims ཞེས་པའི་དབར་འཁྲུག་རྩོད་ཤོར་བའི་གནས་ཚུལ་རྣམས་གསར་འགྱུར་བརྒྱུད་ལམ་ཁག་གཅིག་ནང་བརྒྱུད་གྲགས་བྱེད་སྐབས། བོད་པའི་དགེ་འདུན་པའི་འདྲ་པར་བེད་སྤྱོད་ལོག་པ་བྱས་པར་བོད་མིའི་སྒྲིག་འཛུགས་ལ་སེམས་འཚབ་ཤུགས་ཆེ་བྱུང། ཁ་ཆེའི་རྒྱལ་ཁབ་ཁག་གི་དྲ་རྒྱ་མང་པོའི་ནང་དང་། ལྷག་པར་པ་ཁི་སི་ཐན་གྱི་དྲ་རྒྱའི་ནང་དུ་བོད་མི་དགེ་འདུན་པ་མིའི་ཕུང་པོ་སྤུངས་པའི་མདུན་དུ་ལང་པའི་འདྲ་པར་ཡོད་པ་དེ་འདྲ་བཅུག་ཡོད།
འདྲ་པར་དེ་དག་ནི་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་སྐབས། དགེ་འདུན་པ་རྣམས་ཀྱིས་ངལ་སེལ་གྱི་ལས་གཞི་སྤེལ་བཞིན་པའི་འདྲ་པར་ཡིན་པ་མ་ཟད། སྐབས་དེར་བོད་པའི་དགེ་འདུན་པ་རྣམས་ཀྱིས་དང་བླངས་ཐོག་ནས་ངལ་སེལ་མྱུར་སྐྱོབ་ཀྱི་ལས་གཞིའི་ཐོག་རོགས་རམ་ཧ་ཅང་གནང་བར་བརྟེན་མི་མང་པོས་བསྔགས་བརྗོད་ཀྱང་ཐོབ་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་པ་ཁི་སི་ཐན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་(ColumPk.com, Urdu Current Affairs Portal) ཞེས་པའི་དྲ་རྒྱའི་རྩོམ་སྒྲིག་པར་འདྲ་པར་དེ་དག་ཕྱིར་འཐེན་དགོས་སྐོར་རེ་འདུན་བཏོན་པ་ལྟར། སང་ཉིན་དེ་རང་དུ་འབྲེལ་ཡོད་ལས་ཁུངས་ནས་འཕྲལ་མར་འདྲ་པར་དེ་དག་ཕྱིར་འཐེན་བྱས་འདུག འོན་ཀྱང་འདྲ་པར་དེ་དག་ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་རྒྱ་གར་མུམ་བྷེ་ནང་ཁ་ཆེ་བ་ཚོས་ངོ་རྒོལ་བྱེད་སྐབས་ཁྱེར་ཡོད་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ཛི་གསར་འགྱུར་བརྒྱུད་ལམ་ (Zee News) ནང་བསྟན་ཡོད། མི་སྣ་ཐ་ཤལ་རེ་ཟུང་གིས་ནང་པ་དང་ཁ་ཆེའི་སྤྱི་ཚོགས་དབར་དཀྲུག་ཤིང་རྒྱག་རྒྱུའི་བརྒྱུད་སྐུལ་བྱེད་ཀྱི་ཡོད་པར་བརྟེན། ང་ཚོས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་པར་རིགས་དེ་དག་བེད་སྤྱོད་མ་གཏོང་རོགས་ཞུ་རྒྱུ་ཡིན་ཞེས་འཁོད་འདུག །

Share this:
༡༧༦ ཀློག་གྲངས།