ཕྱི་སྟོང་ནང་སྟོང་བཟོ་བཞིན་པའི་བོད་ཡུལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༩ ཕྱི་ལོ་ ༢༠༡༢/༨/༡༥

ད་ལྟའི་དུས་འདིར་བོད་ལུང་པའི་སྣོད་བཅུད་གཉིས་ཀ་རྒྱ་དམར་དྲག་གཞུང་གིས་སྟོང་པ་བཟོ་བཞིན་ཡོད་ལ། ཕྱིའི་སྣོད་ཀྱི་ཆ་ནས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནས་ཤིང་ནགས་གཅོད་འབྲེག་བྱས་ནས་རྫོགས་གྲབས་ཡོད་པ་དང་།

གཏེར་ཁ་སྔོག་འདོན་བྱས་ནས་རི་བོ་རྣམས་ཁོག་སྟོང་བཟོ་བཞིན་ཡོད། དེ་ལ་བརྟེན་ནས་བོད་ཀྱི་ས་བཅུད་ཤོར་བཞིན་ཡོད་པ་མ་ཟད། རི་བོ་མང་པོ་ཞིག་གཏེར་ཁ་བསྔོགས་ནས་ཕྱི་ནང་བརྗེས་འགྲོ་བ་ཞིག་བཟོས་ཡོད་པས། ཆུ་ལོག་དང་ས་ཡོམ་སོགས་རང་བྱུང་འབྱུང་བའི་གནོད་འཚེ་འདྲ་མིན་མང་པོ་ཡོང་གི་ཡོད། ད་དུང་དེ་ལ་བརྟེན་ནས་ཆར་ཆུ་དུས་སུ་མི་འབབ་པ་དང་ལོ་ཕྱུགས་མི་ལེགས་པའི་གནས་ཚུལ་ཡང་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་གི་ཡོད།

བོད་ཡུལ་སྟོད་སྨད་བར་གསུམ་དུ་གཏེར་ཁ་འདྲ་མིན་སྔོག་འདོན་བྱས་པ་དང། རྡུལ་ཕྲན་གྱི་སྙིགས་རོ་གང་སར་གཡུགས་པ་སོགས་ལ་བརྟེན་ནས་རི་མཐོ་ས་གཙང་ཆུ་གཙང་ཞེས་པའི་མཚན་སྙན་ཐོབ་པའི་བོད་ཀྱི་ཡུལ་ལྗོངས་དེ་ཡང་། ད་ལྟའི་ཆར་ཚད་ལས་བརྒལ་བའི་ཉམས་གུད་དུ་འགྲོ་བཞིན་ཡོད། ཁོར་ཡུག་གི་འབག་བཙོག་དེ་དག་ལ་བརྟེན་ནས་མི་དང་སྒོ་ཕྱུགས་སེམས་ཅན་གྱི་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་བཟོས་ཡོད་ཅིང། གཏེར་ཁ་སྔོག་འདོན་བྱས་པ་དེ་དག་གི་ཡོང་འབབ་ཀྱིས་ས་གནས་ཀྱི་མི་མང་ལ་གནས་སྐབས་ཀྱི་ཕན་ཐོགས་ཕྲན་བུ་ཙམ་ཡང་གཏན་ནས་མེད་པ་མ་ཟད། དེ་ལ་བརྟེན་ནས་ས་གནས་བོད་རིགས་མི་མང་གི་རྒྱུན་ལྡན་གྱི་འཚོ་གནས་ལ་དཀའ་ངལ་མང་དག་ཅིག་གཅིག་རྗེས་གཉིས་མཐུད་ཀྱིས་འཕྲད་བཞིན་ཡོད།

གཏེར་ཁ་འབོར་ཆེན་སྔོག་འདོན་བྱས་པའི་ཁེ་བཟང་ཚང་མ་རྒྱ་དམར་དྲག་པོའི་གཞུང་དང་། དཔོན་ངན་ཁག་ཅིག་ལ་རག་འགྲོ་གི་ཡོད། བོད་མི་རིགས་ལ་འཕྲལ་ཕུགས་གཉིས་ཀར་གནོད་སྐྱོན་ཆེན་པོར་གྱུར་ཡོད་པས། གནོད་འཚེ་ཕོག་ཡུལ་ས་གནས་མི་མང་གི་ངོས་ནས་ཀྱང་གཅིག་གྱུར་དང་གཞི་རྒྱ་ཆེ་བའི་ཐོག་ནས་ཞི་བའི་གདོང་ལེན་གཅིག་རྗེས་གཉིས་མཐུད་ཀྱིས་བྱེད་དགོས་པ་གལ་ཆེ། ད་ལྟའི་ཆར་རྒྱ་དམར་དྲག་གཞུང་གིས་འཛམ་གླིང་གི་ཁྱོན་དུ་ཞི་བདེ་དང་སྟོབས་ཆེན་གྱི་གདོང་འབག་རྫུན་མ་འདི་ངོམ་སྟོན་བྱེད་དགོས་པས། མི་མང་གིས་ངོ་རྒོལ་བྱས་པའི་གནས་ཚུལ་འཛམ་གླིང་གི་ཁོར་ཡུག་ཏུ་ཁྱབ་སོང་ན། རྒྱ་གཞུང་ངོ་ཚ་ཁ་སྐྱེངས་དང་ལ་བྱེད་བདེ་མེད་པ་ཆགས་རྒྱུ་དང། རང་བཞིན་གྱིས་རྒྱ་དམར་དྲག་གཞུང་ལ་གནོན་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད།

བོད་ཡུལ་གྱི་ཕྱིའི་སྣོད་གཏོར་བརླགས་བཏང་དང་གཏོང་བཞིན་པ་ཙམ་དུ་མ་ཟད། རྒྱ་དམར་དྲག་གཞུང་གི་བོད་ཀྱི་བུད་མེད་རྣམས་ཀྱི་སྐྱེ་སྒོ་བཙན་དབང་གིས་འགོག་བཞིན་ཡོད་པས། ནང་གི་བཅུད་བོད་མི་རྣམས་ཀྱི་སྐྱེ་འཕེལ་ཡང་ཉུང་དུ་སོང་ཡོད་པ་དང། བོད་མི་རིགས་ཀྱི་ཆེད་དུ་སྐད་འབོད་དང་ཡར་ལངས་ཕྲན་བུ་ཙམ་རེ་བྱེད་མཁན་ཙམ་ནས། སྦྱར་ཡིག་རེ་སྦྱར་བ་ཡན་ཆད་བཙོན་འཇུག་དང་དམར་གསོད་བཏང་བ་སོགས་ཀྱིས་བོད་མི་རིགས་ནི་གྲངས་ཉུང་ནས་གྲངས་ཉུང་དུ་འགྱུར་བཞིན་ཡོད། དེར་བརྟེན་ད་ལྟའི་དུས་འདིར་བོད་ཀྱི་སྣོད་བཅུད་གཉིས་ཀ་ཤིན་ཏུ་ཉག་ཕྲ་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་དང། འདི་ལས་སྐྱོབ་པའི་ཐབས་ཤེས་གང་ཡོད་བྱེད་དགོས་པ་ནི་བོད་མི་ཁོ་ནའི་འགན་ཁུར་ཙམ་མ་ཡིན་པར། རྒྱ་གཞུང་གི་གཞི་རྒྱ་ཆེ་བའི་ལྷོ་ཆུ་བྱང་འདྲེན་གྱི་ལས་གཞི་ལྟ་བུ་ལ་མཚོན་ན། རྒྱ་གར་གྱིས་གཙོས་གླིང་ཆེན་ཨེ་ཤི་ཡའི་ཡུལ་གྲུ་མང་པོ་ཞིག་གི་འཐུང་ཆུ་ལ་དཀའ་ངལ་འབྱུང་རྐྱེན་ཆགས་ཡོད།

རྒྱ་དམར་དྲག་པོའི་གཞུང་གིས་ཕྱོགས་གཅིག་ནས་སྟོབས་ཆེན་དང་ཡར་རྒྱས། ཞི་བདེ་ལྷིང་འཇགས་ཅན་གྱི་རྒྱལ་ཁབ་ཡིན་རབས་དང་། འཛམ་བུའི་གླིང་གི་མདུན་དུ་བསྐྱོད་བཞིན་ཡོད་རབས་ཕྱི་ནང་ཀུན་ཏུ་བརྗོད་ཀྱི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་དུས་རྒྱུན་དམ་དྲག་དང་འཇིགས་སྐུལ་ཁོ་ན་ལ་བརྟེན་ནས་རང་གི་རྒྱལ་ཁོངས་སུ་ཡོད་པའི་མི་མང་དུང་ཕྱུར་བཅུ་གསུམ་དེ་འཛིན་སྐྱོང་བྱེད་བཞིན་པ་འདི། རྒྱལ་ཁབ་འཐོར་ཞིག་ཏུ་འགྲོ་རྒྱུར་ཉེན་ཁ་དང་དངངས་སྐྲག་ཆེན་པོ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པ་དེ་ཕྱིར་མངོན་པ་རེད། གཞན་རྒྱལ་ཁབ་བརྟན་ལྷིང་དང་གཅིག་གྱུར་སྲ་བརྟན་དུ་གནས་ཡོད་ན། མི་རེ་ཟུང་གིས་སྐད་འབོད་དང་ངོ་རྒོལ་བྱས་པར་ཚད་ལས་བརྒལ་བའི་ཉེས་ཆད་དང་རྡུང་རྡེག་གཏོང་དགོས་དོན་མེད་ལ། དེ་དག་གི་ཁ་གཏད་གཅོག་ཆེད་དམག་དཔུང་ཕོན་ཆེ་འགྲེམས་འཇོག་དགོས་དོན་དེ་བས་ཀྱང་མེད།

མ་འོངས་པར་བཙན་དབང་གིས་གཏེར་ཁ་སྔོག་འདོན་བྱེད་པ་ལྟ་བུའི་སྐབས་སུ་ས་གནས་ཀྱི་མི་མང་ཕོན་ཆེ་འདུ་འཛོམས་ཐོག ལུས་ངག་གི་རྣམ་འགྱུར་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བའི་ཐོག་ནས་ཞི་བའི་ངོ་རྒོལ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེ་ཞིང། བོད་མི་གཅིག་གི་ཚེ་སྲོག་ཀྱང་བོད་རང་དབང་རང་བཙན་སླར་གསོའི་ཆེད་དུ་ཅི་བས་རྩ་ཆེ་བར་བརྟེན་བོད་མི་སུ་ཡིན་ཡང་རང་ཉིད་ཀྱི་ཚེ་སྲོག་ལ་ངེས་པར་དུ་གཅེས་སྤྲས་བྱེད་དགོས་པ་དང་། མི་རིགས་དང་བསྟན་དོན་གྱི་རྩོད་ལེན་ཡང་གལ་འགང་ཆེ་བས་དེ་གཉིས་ཀྱི་བར་དུ་དབུ་མའི་ལམ་ཞིག་ངེས་པར་དུ་འཚོལ་དགོས། གཙོ་ཆེ་ཤོས་གོང་དུ་བརྗོད་པ་བཞིན་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བ་ཞིག་དགོས་ཤིང། ཞི་བའི་ངོ་རྒོལ་བྱེད་པའི་སྐབས་མཚོན་ཆ་བེད་སྤྱོད་བྱེད་པ་ལྟ་ཅི། རྡོ་དང་དབྱུག་པ་ཙམ་ཡང་བེད་སྤྱོད་མེད་པར། ཚིག་ངན་མི་བཤད་པ་དང་། དགོས་འདུན་ཁ་གསལ་གྱི་ཐོག་ནས་ཞི་རྒོལ་རྒྱ་ཆེན་པོ་བྱེད་ཐུབ་ན་ནུས་པ་ཆེན་པོ་ཐོན་ངེས་རེད་སྙམ།།

Share this:
༡༠༢ ཀློག་གྲངས།