འཇིགས་པ་དགུ་བརྩེགས་ཀྱིས་དེད་པའི་ཞུ་མཆིད་དམར་པོ།

༄༅།།འདི་ཕྱི་གཉིས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་པ་མགོན་པོ་གང་ཉིད་ལས་གཞན་དུ་མཆིས་པར་ལྟ་བའི་ངེད་ཅག་གངས་ཅན་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱིས་གུས་པས་འདུད་ཅིང་མཆོད་པའི་སྐྱེས་བུ་ཆེན་པོ་བསྟན་འཛིན་རྒྱ་མཚོ་གང་གི་ཞབས་པད་མངོན་མཐོའི་ཉེ་དྲུང་ག་ལ་བ་དེར།

གུས་ཕྱག་སྔོན་དུ་བཏང་ནས་ཞུ་གསོལ་འདེབས་སྙིང་།

མགོན་པོ་གང་གིས་དགོངས་མངའ་བཞིན་ཉེ་བའི་དུས་ནས་ཡུལ་ལུང་འདྲ་མིན་གྱི་ཁ་ཆེ་བ་དང་ནང་པ་བའི་བར་དུ་འཁྲུག་རྩོད་ཀྱི་ལྟས་ངན་སྣ་ཚོགས་ཆུ་བུར་རྡོལ་བ་ལྟར་འབྱུང་བཞིན་པ་འདི་མུར། ད་ཆ་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁ་ཤས་ནང་བོད་མི་མང་པོར་རྒྱ་གར་ཁ་ཆེ་བས་གཅར་རྡུང་ཐེངས་མང་བྱས་པའི་གནས་ཚུལ་རིམ་པར་བྱུང་དང་འབྱུང་བཞིན་པ་འདི་ལགས་ཤིང་། ཁ་འཐོར་དུ་ཡོད་པའི་བོད་པ་ཕལ་མོ་ཆེས་ལས་ཀ་དང་སློབ་སྦྱོང་སོགས་བློས་གཏོང་གིས་སྤེལ་ཀོབ་གཙོ་བོར་གྱུར་པའི་གཞིས་ཆགས་ཆེ་ཁག་ལ་བྲོས་ཡིབ་བྱས་ནས་ཡོད་ལ། ད་དུང་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བོད་མི་མང་པོ་རྣམས་གཞིས་ཆགས་ཁག་ལ་འགྲོ་རྒྱུའང་ཤིན་ཏུ་ཉེན་ཁའི་གནས་སུ་གྱར་ཏེ་ཉིན་མཚན་གཉིས་ཀར་ནང་དུ་སྐུང་ནས་སྡད་ཡོད་པ་འདི་བཞིན་ལགས་ཤིང་། འདི་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ནི་འཁྲུག་རྩོད་འདི་ཆེ་ནས་ཆེ་རུ་སོང་ན་རྒྱ་གར་གྱི་ནང་པའི་ལོ་རྒྱུས་ནང་གི་ཁ་ཆེའི་འཇིག་པ་ཆེན་པོ་གཉིས་པ་ཞིག་ཏུ་གྱུར་ཏེ། ད་བར་ཉམས་པ་སླར་གསོ་བྱུང་བའི་ནང་པའི་གནས་གཞི་ཁག་ཡང་བསྐྱར་རྨང་ནས་བརླག་པར་བྱེད་པའི་མེ་དཔུང་ཆེན་པོ་ཞིག་ཏུའང་འགྱུར་མི་སྲིད་པ་མིན་སྟབས། ད་ལྟ་ནས་མེ་ཆེན་པོ་རི་ལ་མི་ཤོར་བར་མཛད་རྒྱུ་མགོན་པོ་གང་ཉིད་ཁོ་ནར་འཁྲི་བའི་ཐུགས་འགན་ཞིག་ལ་སོང་། རྒྱལ་ཁབ་བཙན་གྱིས་འཕྲོག་ཅིང་། ཕ་མ་སྡུག་གིས་མནར་ནས་ཡོད་པའི་ངེད་ཅག་ཡུལ་གྱར་པ་རྣམས་ལ་རེ་ས་དང་སྐྱབས་ས་མགོན་པོ་གང་ཉིད་ལས་གཞན་དུ་མ་དམིགས་པས། མགོན་པོ་གང་གིས་རིང་ནས་འདྲིས་པའི་ཁ་ཆེའི་ཆོས་དཔོན་འགའ་དང་ལྷན་དུ་ཡུལ་ཤུལ་གྱི་ས་ཡོམ་སྐབས་ཀྱི་འདྲ་པར་དག་དང་གློག་བརྙན་སོགས་གང་ལེགས་རྒྱ་གར་རྒྱལ་ཡོངས་ལ་ཁྱབ་པའི་བརྙན་འཕྲིན་དང་ཚགས་པར་སོགས་བརྒྱུད་ནས་དེ་དག་ལ་གསལ་བཤད་རང་བཞིན་གྱི་གསར་འགོད་ལྷན་ཚོགས་ཆེན་པོ་ཞིག་མགྱོགས་ནས་མྱུར་དུ་སྐོང་ཚོགས་གནང་སྐྱོང་ཡོང་བ་དང་། སྐབས་དེར་རྒྱ་གར་རྒྱལ་ཡོངས་རང་བཞིན་གྱི་བརྙན་འཕྲིན་ཁང་དག་དང་། ཚེགས་པར་ཆེ་ཁག་རྣམས་གཙོ་བོའི་དམིགས་འབེན་དུ་བཟུང་ནས་བརྒྱུད་ལམ་ཁག་ལ་དྲིལ་བསྒྲགས་ཤུགས་ཆེ་ཡོང་ཐབས་མཛད་རྒྱུ་དང་། ཁ་ཆེ་རང་གི་ཆོས་དཔོན་དག་ལ་གོ་སྐོན་བསླབ་བྱ་གནང་འཇུག་རྒྱུ་ཉག་གཅིག་ནི་ཉེན་ཁ་འདི་ལས་སྐྱོབས་པའི་ཐབས་ཤེས་ཡག་ཤོས་སུ་མཐོང་བས། དེ་ལུགས་དགོངས་དབྱིངས་སུ་མངའ་བར་མཁྱེཻན།

མཁྱེཻན།

མཁྱཻན། ཅེས་བྷང་ལོའི་བཟོ་གྲྭ་ཞིག་གི་ལས་མིར་གྱུར་ཞིང་། ཉིན་མོ་ལས་ཁུངས་སུ་ལས་གྲོགས་རྣམས་ཀྱིས་འགེབ་སྲུང་དང་། མཚན་མོ་ལས་ཁུངས་ཀྱིས་ཆེད་མངགས་བྱས་པའི་ཉེ་འཁྲིས་ཀྱི་མགྲོན་ཁང་དུ་སྐོར་སྲུང་པས་འགེབ་སྲུང་། ལས་ཁུངས་ལ་རྐུན་མ་འགྲོ་འགྲོ་བྱས་ནས་ཡོད་པའི་ཕྲན་བསྟན་འཛིན་དོན་ལྡན་གྱིས་གུས་པ་ཆེན་པོས་ཕུལ།།

Share this:
༧༡ ཀློག་གྲངས།