སྙན་ངག་གིས་བཞེངས་བའི་འཇིག་རྟེན།

                     སྙན་ངག་ལ་ལྟ་ཚུལ། 

སྤྱིར་བཏང་སྙན་ངག་གི་ངོ་བོ་ལ་སྙན་ངག་པ་རེ་རེ་ལ་ལྟ་ཚུལ་གྱི་འདུ་ཤེས་འཛིན་སྟངས་ཁ་ཁ་ནས་ཡོད་པ་རེད་མོད་སྙན་ངག་དེ་སྒྱུ་རྩལ་ཁྱབ་ཁོངས་ལས་མ་འདས་པ་ཀུན་གྱི་འདུན་པ་རང་འགྲིག་རེད།

  དེ་ཡང་སྒྱུ་རྩལ་གྱི་ཆ་གཏོགས་ཤིག་ཡིན་ཕྱིར་དེའི་དབང་གིས་རང་དང་ཕ་རོལ་པའི་ཚོར་སྣང་གི་གཡོ་བག་ལ་འགུལ་ཤུགས་སློང་བ་དང་དགའ་སྐྱོ་སྡུག་གསུམ་གྱི་ཚོར་བ་རྣོ་ངར་ལྡན་པ་དག་མངོན་དུ་འགྱུར་བར་རམ་འདེགས་བྱེད་ནུས་ལ་དེའི་རྐྱེན་གྱིས་རིག་གནས་དང་སློབ་གསོའི་གོ་རིམ་ཡང་ཚད་ངེས་ཅན་ཞིག་ལ་སླེབས་པའི་རྒྱུ་རྐྱེན་བྱེད་ཀྱིན་ཡོད་ངེས།    སྙན་ངག་གི་ཁྱད་ཆོས་དང་རིན་ཐང་གི་སྤུས་ཚད་ནི་གཙོ་བོར་ཉམས་འགྱུར་དང་མཚོན་དོན་སྒྱུ་རྩལ་གྱི་ཆ་ནས་འཇལ་བ་བྱེད་ཅིང་སྤུས་ཚད་ཡོད་མེད་དང་ཀློག་པོ་མང་ཉུང་།    ཚོར་ཤུགས་ལྡན་མིན་གྱིས་སྙན་ངག་གི་རིན་ཐང་དང་གོ་ཐོབ་ཀྱི་ཚད་འཇལ་གྱིན་འདུག    སྙན་ངག་འབྲི་ནའང་འདྲ་ཀློག་ནའང་གཙོ་བོར་ཚོར་ཤུགས་གཅིག་ཏུ་འདྲིལ་ཏེ་རང་ཉིད་ཀྱི་མྱོང་བ་ཟབ་པའི་བྱ་འགུལ་གྱི་སྟེང་ན་སྙན་ངག་གི་བརྗོད་དོན་བརྗེ་སྤོར་དང་བརྗོད་དོན་མཉམ་བསྲེས་ཀྱི་བྱ་བ་གཙིགས་སུ་འཛིན་ཐབས་གལ་ཆེ་བཤད་དེ།  དེ་ནི་སྙན་ངག་རོལ་མྱོང་བྱེད་པའི་བྱ་གཞག་མེད་ཐབས་མེད་པ་ཞིག་ཏུ་བརྩི།   སྙན་ངག་གི་འཆིང་བ་ལས་གྲོལ་བ་དང་སྙན་ངག་གི་ཚེ་སྲོག་ལ་དར་རྒུད་མེད་པའི་དུས་སྐབས་ནི་དེང་རབས་དང་མི་རིགས་ཀྱིས་མཚོན་པའི་མི་སྡེའི་ཁྱབ་ཁོངས་ན་སྐད་ཆའི་ཁྲོད་ཀྱི་སྒྱུ་རྩལ་གྱི་མཛེས་བདོག་ཡོངས་སུ་འཆོར་བ་སྟེ་སྤྱི་ཚོགས་ཀྱི་སྐད་ཆའི་ལང་ཚོ་ཉམས་ཉེས་སུ་ཕྱིན་པ་དང་འབྲེལ་འདྲིས་ཀྱི་ལང་ཚོའི་རྒས་གཉེར་འོག་ནས་འཆར་ཡན་གྱི་འདུ་ཤེས་སྟེང་དུ་ན་ཟུག་ཆེས་ཆེར་འབྱིན་པ་བྱེད།   དེའི་སྟེང་ན་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་སྐད་ཆ་གཅིག་གིས་གོ་བརྡ་སྤྲོད་དགོས་པ་དང་ཚོར་འདུའི་འཇིངས་རིམ་ན་དབུགས་དབྱུང་ཐེངས་གཅིག་གིས་རྩ་ལམ་སང་དགོས་བའི་ཨུ་ཚུགས་ཀྱིས་མུན་ནག་གི་མཚན་མོ་བསྐྱལ་ཐབས་ཀྱང་མི་བྱེད་ཐུ་མེད་ཡིན་།  སྙན་ངག་འབྲི་བ་གཅིག་པོས་ཁེར་རྐྱང་གི་གདུང་ཡུས་སེལ་བའི་རམ་འདེགས་དང་ཕན་པ་ཆེས་ཆེར་བསྐྲུན་པ་བྱེད་དེ།མི་ཚེའི་ལམ་བུ་ན་འགག་རྡོ་ལྟ་བུའི་ལྗིད་ཚད་ཅིག་གིས་མར་མར་གནོན་པ་བྱེད་ཅིང་རྩྭ་ཐང་གི་མཛེས་རིས་ཅི་ཙམ་གྱིས་བློ་ངོགས་འཆར་ནའང་མདུན་ནས་མི་ཐར་དུས་སྙན་ངག་གི་ལང་ཚོའི་སྟོབས་ཤུགས་ལྡན་པའི་མི་ཚེ་ནི་སུས་ཀྱང་མི་ཁོག་པའི་མདའ་མོ་ཇི་བཞིན་ཐད་ཀར་ཤར་བསྐྱོད་བྱེད་ཐུབ་ལ།ཕར་ངོགས་ནས་ཚུར་འཁོར་ཏེ་སྙན་ངག་གི་དཔྱངས་ཐག་རིང་མོས་ལམ་བུའི་འགག་འཕྲང་ན་ལུས་པའི་རྗེས་སྙེག་པའང་འདྲེན་ཐུབ།  སྙན་ངག་གི་སྣང་བརྙན་ལ་གསོན་ཤུགས་དང་། འགུལ་བསྐྱོད། ཚོར་བག་སོགས་མིའི་གཟུགས་རིས་དང་ཉམས་འགྱུར་ཅི་ཡོད་ཀྱི་ནུས་པ་ཡོད་དོ་ཅོག་མིག་ལམ་ན་ཁྲ་ལམ་མེར་འཆར་བའི་གོ་དོན་ཡོད་དགོས། དེའི་དབང་གིས་སྙན་ངག་གི་འཇིག་རྟེན་འགྲིམས་པའི་ཀློག་པོ་དང་རོལ་མྱོང་བ་ཚོའི་རྣོ་སྐྱེན་གྱི་ཚོར་ཀློང་ན་ཆགས་སྡང་མུག་གསུམ་གྱི་རླུང་གཡོར་བསྐྱེད་པའི་སྟོབས་ནུས་ལྡན་པ་མ་ཟད།   མཚོན་བྱའི་ཞིང་ཁམས་དང་དམྱལ་ཡུལ་ནས་སྙན་ངག་པ་རང་ཉིད་ཀྱང་དགའ་སྡུག་སྐྱོ་གསུམ་གྱི་རྫིང་བུར་ཞུགས་ཆོག        སྙན་ངག་གིས་ཁ་ལོ་བསྒྱུར་བའི་དེང་རབས་ནི་འོད་སྣང་གིས་བསྲེས་པའི་རྫོགས་ལྡན་བདོག་པའི་ལང་ཚོ་སོན་སྐབས་ཀྱི་དུས་རབས་འདོད་ཅིང་།  སྙན་ངག་གིས་སྐད་ཆའི་ཚབ་མཚོན་དུས་ནི་མིའི་རིགས་ཀྱི་རྣམ་ཤེས་ལ་བལྟོས་བཅས་ཀྱི་ངལ་རྩོལ་ལས་བྱུང་བའི་ཉིང་ཁུ་འཛག་པའི་འབྲས་དུས་སུ་བཤད།   དེས་ན་སྙན་ངག་ས་ཁྱབ་རྡོ་ཁྱབ་ཀྱིས་འཇིག་རྟེན་འགྲེ་ལྡོག་བསློག་དུས་ནི་མིའི་རིགས་ལ་ཞིང་ཁམས་འགྲིམ་པའི་འདོད་འདུན་གྱི་སྟོང་ཆ་ཡོངས་སུ་བསྐངས་བ་ཡིན་སྟབས།  དེ་དུས་སུ་སྙན་ངག་སྤྱིར་བཏང་གི་སྒྱུ་རྩལ་ཞིག་གི་ཚད་ཐིགས་ལས་བརྒལ་ཏེ་མིའི་རིགས་ཀྱི་མེད་ཐབས་བྲལ་བའི་རིག་གནས་ཀྱི་མ་ལག་ཅིག་ལ་ངོས་འཛིན་བྱ་ངེས།མིའི་རིགས་ཀྱི་རིག་གནས་གང་ཞིག་ལ་བརྒྱུད་རིམ་གྱི་རྙོག་འཛིང་ཧ་ཅང་ཆེ་བ་དང་། ཚ་འདྲི།  དབང་བསྡུ།      བཤུ་གཞོག་གིས་མནར་གཅོད་ཀྱང་རིག་གནས་ཀྱི་ཁྱབ་ཁོངས་སུ་འཛུལ་ཐབས་བྱས་རྗེས།རིག་གནས་ཀྱི་སྟོབས་ཤུགས་ལ་བརྟན་བརླིང་གི་རྣམ་པ་ཅི་ཙམ་མངོན་ནའང་དབང་བསྡུ་རིང་ལུགས་ཀྱི་གཡོ་ཇུས་འོག་ན་རིག་གནས་ཀྱི་ལང་ཚོ་ལ་ཉམས་ཉེས་རིམ་པར་ཕོག་ངེས།  དེའི་ནང་ནས་སྙན་ངག་ལ་གསར་བརྗེའི་འཕོ་འགྱུར་དང་།སྙུགས་དོར་བཅུད་ལེན།སྔར་མེད་གསར་བསྐྱེད་ཟེར་བ་སོགས་ལམ་བུ་དུ་མའི་འགག་འཕྲང་གི་འཇིགས་ཉམས་ཤར་མྱོང་ཡོད་པ་དང་།   ཐ་ན་སྙན་ངག་ནུབ་ནས་མུན་ནག་གི་དུས་སྐབས་ཤར་མྱོལ་ལ་སྒྱུ་རྩལ་ལ་དུང་བ་ཟབ་པའི་མི་བུ་སྐོར་ཞིག་གིས་སྙན་ངག་གི་བླ་སྲོག་ལ་འཇུས་ཏེ་འབད་པ་ཆེན་པོས་ཉི་འཆར་དེང་རབས་སམ་སྙན་ངག་གི་དེང་རབས་མདུན་བསུ་བྱས་མྱོང་།དེ་ལྟ་བུའི་འཇིག་རྟེན་ན་སྟོབས་ཤེད་ལྡན་པའི་རིག་གནས་ཤིག་གི་ལང་ཚོ་མངོན་འོང་དུས་དེ་ལ་མི་དགའ་བ་འགས་ཡིད་ལྕུགས་ལྕུགས་ཀྱིས་འགྲེལ་བཤད་དང་སྲོལ་རྒྱུན་གྱི་ལུགས་རྙིང་ལ་སྐྱབས་བཅོལ་ཏེ་མཆིལ་མ་དང་།  མི་ཁ།   དམོད་འབོད་ཀྱི་མདའ་མོ་ཡོད་ཚད་མདུན་ནས་བསྐོར་ཏེ་འབུར་འཇོམས་ཀྱི་གཡུལ་འཐབ་སྦྲན་པའི་བྱ་འགུལ་གཡོ་མྱོང་།དེ་ནི་འཇིགས་ཉེན་གྱི་ཚོར་བ་དེས་འཕག་འཚག་དང་འགྲེ་ལྡོག་གི་ན་ཟུག་མ་བཟོད་པར་ཡིད་མུག་མུག་ངར་སྐད་ཐང་གཅིག་གི་རྗེས་སོར་ཕ་རོལ་པོ་དང་ལག་ཐུག་བྱས་པ་རེད་ཅེས་ཟེར་ཆོག   མཚོན་དོན་གྱི་ཆ་ནས་མི་རིགས་དང་ཚོགས་སྡེའི་ཁྱབ་ཁོངས་ན་བརྗོད་བྱ་དང་མཚོན་བྱེད་ཁ་ཁ་ནས་དབྱེ་དགོས་པ་མང་དུ་འབྱུང་བ་སྟེ་འུ་ཚོ་བོད་དང་ཡོ་རོབ་གླིང་གི་སྙན་ངག་གི་མཚོན་བྱེད་གཅིག་གི་བརྗོད་བྱ་ལོགས་སུ་འབྱེད་དགོས་པ་དང་།བོད་ཀྱི་དར་ལྕོག་དང་། སྦྲག་ནག  ལབ་རྩེ།   རླུང་རྟ་སོགས་ཡོ་རོབ་གླིང་གི་སྙན་ངག་གི་མཚོན་བྱེད་མི་རུང་ལ་ཕྱི་རྒྱལ་གྱི་ཉི་མ་དམར་པོ་དང་རྒྱ་མཚོའི་རླབས་སྒྲ་སོགས་ཀྱིས་བོད་ཀྱི་བརྗོད་བྱ་མཚོན་ཚུལ་ཇི་བཞིན་མཚོན་མི་ནུས།དེ་ནི་མི་རིགས་དང་ཚོགས་སྡེ་སོ་སོའི་གོམས་གཤིས་དང་། རིན་ཐང་ལྟ་ཚུལ།  འདུ་ཤེས་འཛིན་སྟངས་སོགས་ཀྱིས་མཚོན་བྱེད་དེས་མཚོན་བྱ་མཚོན་ཚུལ་ཡང་ཐུན་མིན་གྱིས་འབྱུང་བ་མངོན།  སྙན་ངག་ལ་ཅི་ལྟར་ཉམས་འགྱུར་དང་སྣང་བརྙན་ལྡན་མིན་ནི་སྙན་ངག་གི་དོན་གྱི་མཚོན་སྟངས་དང་ཚིག་གི་མཚོན་སྟངས་སྟེང་ནས་འབུར་དགོས་པ་དང་།  དཔེར་ན་ཕྱི་རྒྱལ་གྱི་ཉི་མ་དམར་པོ་དེའི་ཚིག་མཚོན་ལ་བོད་ཀྱིས་བདེ་སྐྱིད་དང་དཔལ་ཡོན་ལ་གཏན་ནས་གོ་སྟངས་མེད་ལ་དེ་ལས་ལྡོག་ཏེ་ཐན་པ་མུ་གེའི་དུས་ངན་ལྟ་བུའི་ངན་དགུའི་རླུང་དམར་ལ་གོ་བ་ལེན་ངེས་ལ་དེ་ནི་མི་རིགས་སོ་སོའི་འདུ་ཤེས་འཛིན་སྟངས་འབའ་ཞིག་ལས་གྲུབ་པ་འདོད་དོ།ཡང་ཚོར་བའི་སྟེང་ནས་སྙན་ངག་བཞུར་དགོས་པ་དང་གཙིར་ནས་སྙན་ངག་ཡོང་ཐབས་མེད་པའི་ལྟ་ཚུལ་ཡང་དུས་རབས་ཀྱི་སྙན་ངག་ལྟ་ཚུལ་ཐད་ནས་ཤུགས་ཆེན་བཤད་ཀྱི་འདུག་ལ།དེ་ནི་སྙན་ངག་ལ་ཆབ་སྲིད་དང་།བསླུ་བྲིད།གཡོ་ཇུས །འཁྲབ་སྟོན་སོགས་ཀྱིས་མ་བསླད་པར་ལྷད་མེད་ཀྱི་ཕྱི་ནང་གཙང་དྭངས་ཀྱི་སྐད་ཆ་དྲི་མེད་ཅིག་ལ་སྙན་ངག་འདོད་པའི་ལྟ་ཚུལ་ལས་མངོན་འོང་།དེ་ཡང་རྒྱུ་མཚན་ནི་ཞིབ་ཏུ་བརྟག་ན་སྙན་ངག་པ་ཚད་ལྡན་གྱི་ཚོར་བ་ཧ་ཅང་སྐྱེན་པོ་དང་སླ་པོ་ཡོད་པ་སྟེ་ལྷན་སྐྱེས་ཀྱི་ཚོར་བ་འཁྲུག་སླ་བ་བྱ་བ་ཆུང་ཚགས་དང་།ཡུལ་གང་ལའང་ཚོར་འདུ་གཡོ་བ།ངུ་བ་དང་དགོད་སླ་བ།ངོ་ཚ་དང་ང་རྒྱལ་ཆེ་བ་བཅས་དམིགས་བསལ་གྱི་རང་གཤིས་མཁྲེགས་པོ་ཡོད་པ་སྨྲ།སྙན་ངག་པ་ཚད་ལྡན་གྱི་སྙན་ངག་ནི་ནམ་ཡང་ཚོར་བ་དང་ཉེ་སར་བཅར་ཡོད་པས་ཚོར་འདུ་བརྐྱངས་སྐུམས་ཀྱི་ཁུག་སོར་ཐ་སྙད་ཀྱི་སྐད་ཆ་སྨྲ་སྟངས་དང་བསམ་བློའི་ཕྱི་རོལ་གྱི་ངོ་རིས་འཆར་ལུགས་ཀྱིས་གྲོགས་པོ།  དཔོན་པོ། མཛའ་མོ། སྤུན་མཆེད།  ཐ་ན་ཕ་མ་ལའང་བསྡོད་ལུགས་མི་བདེ་བའི་ཐ་སྙད་ཀྱི་རང་གཤིས་ངོ་མའི་ཤུན་སྤགས་བསྟན་འོང་བས།   འཆར་ཡན་གྱི་ཚོར་བ་ལ་གཅུན་སྡོམ་གྱི་གཟེབ་དྲ་མེད་པ་ཇི་བཞིན་སྙན་ངག་པའི་སྐད་ཆའི་ངོ་རིས་ལ་ཕྱི་ནང་གི་ཁྱད་པ་ཡེ་ནས་མེད་དོ།  སྤྱིར་རྩོམ་རིག་དང་རྩོམ་པོ་དེང་རབས་ནང་སོན་དགོས་པ་བཞིན་སྙན་ངག་ཀྱང་དེང་རབས་ནང་ན་སོན་དགོས།   སྐད་ཆ་རྙིང་པ་ལ་སྲོག་གསར་པས་སྤུད་པ་དང་སྲོག་རྙིང་ལ་སྐད་ཆ་གསར་པ་སྤྲས་ཏེ་གསར་རྩོམ་དང་གསར་གཏོད་ཁོ་ན་ལས་ལད་ཟློས་དང་རྐུ་བཤུས་བྱས་པས་ནི་སྙན་ངག་གི་ནུས་པའི་རང་མཚང་རང་གིས་འབྲུ་བ་ཡིན།    དེང་རབས་ནང་བཅར་དགོས་དོན་ནི་སྙན་ངག་གི་བདུད་རྩིས་ཀློག་པོའི་འདུན་པ་ཡོངས་སུ་བསྐང་དང་།  རང་གི་སྐོམ་གདུང་གི་མིད་པ་རྨང་ནས་སྤང་དགོས་སྟབས་མིའི་དགོས་འཁོར། ཉེ་འཁོར་གྱི་ཕྲ་རིས།   ཡ་མཚན་གྱི་འཁྲུལ་སྣང་མཚོན་བྱེད་ཀྱང་སྐབས་བབ་དང་ཉེར་བ་བསྟུན་པ་ཞིག་དགོས་སྟེ། རྟ་དང་གླང་པོ་ཆེས་འཕྲུལ་གྱི་མྱུར་ཚད་འགྲན་མི་ནུས་པ་དང་།  འཕྲུལ་འཁོར་ཆེར་ཆེར་བདོག་པའི་དེང་རབས་ནང་ཨུ་ཚུགས་ཀྱིས་ཐག་རིང་ས་ཞིག་ནས་རྟ་མཆོག་དང་ཅང་ཤེས་ཟེར་ནས་བློ་ངོར་འཆར་ཅི་ཐུབ་བྱེད་པ་ནི་སྙན་ངག་དང་དུས་རབས་རྒྱང་བཀྱེད་པ་རེད་འདོད།མི་ཚོས་ སྙན་ངག་འབྲི་བ་ནི་གཞུང་ལུགས་ཤིག་བརྩམ་པ་ལས་དཀའ་ཁག་ཆེ་རབས་ཟེར་བ་དེས་སྙན་ངག་ལ་གསར་གཏོད་ཀྱི་རྩོམ་ཡིན་དགོས་པ་དང་ཚོར་བ་གསོན་པོ་དེ་སྐད་ཆ་གསོན་ཉམས་ཅན་རྐྱང་རྐྱང་གིས་སྤྲས་ཐབས་བྱེད་དགོས་པ་རེད་འདོད་དོ། བློ་ཅོལ་ཆུང་བ་འགས་སྙན་ངག་དང་སྤྱིར་བཏང་གི་རྩོམ་རིག་གིས་ཐད་དུ་གོ་སྟངས་དབྱེ་མེད་དུ་འཛིན་གྱིན་འདུག་ལ་དེ་ནི་གཏན་ནས་མ་ཡིན་པ་ཧ་ཅང་གསལ་ཏེ།སྤྱིར་བཏང་གི་རྩོམ་རིག་ནས་བཤད་པའི་ཟླ་བ་ཡིན་ན་དེ་ནི་ཆོས་ཉིད་རང་བཞིན་གྱི་ཟླ་བ་ཡིན་དགོས་ཤིང་གཏན་ཚིགས་ཀྱིས་གཏན་འབེབས་ལ་བརྟེན་པ་དང་སྙན་ངག་གིས་བཤད་པའི་ཟླ་བ་ཡིན་ན་དེ་ནི་ཟླ་བ་ཡིན་མི་དགོས་ཏེ་རྟོག་བཏགས་ཚུལ་མིན་གྱི་བློ་འཁྲུལ་ངོར་དང་རབ་རྟོག་གི་ཡིད་ངོར་འཆར་ཡན་གྱི་ཡུལ་ལ་བུད་མེད་ཀྱི་བཞིན་གཟུགས་ཟླ་བ་འཁྲུལ་རུང་བ་ལས།སྙན་ངག་གི་འཇིག་རྟེན་ཆེན་པོ་ཡིན་ལ་ཆུང་ངུ་ཡིན་པས་གཏན་ཚིགས་ལ་བརྟེན་ཅི་ཐུབ་བྱེད་པ་ནི་སྙན་ངག་ལ་འཛིན་པའི་བསམ་བློའི་ཁྱབ་རྒྱ་ཆུང་བའོ། སྙན་ངག་གིས་བཤད་པའི་ནམ་མཁའ་ནི་མཐིང་མདོག་གི་མཐའ་ཡས་པའི་རང་དབང་དང་འཁོད་ཡངས་པའི་མིའི་རིགས་དང་སྲོག་ལྡན་རིགས་ཀྱིས་ཅི་དགར་སྤྱོད་འོས་པའི་བར་སྟོང་ཆེན་པོ་ཞིག་ལས་དེའི་བྱུང་རབས་དང་རྟག་བརྟན་མཐའ་ཟུག་གི་རྟག་མི་རྟག་གི་ནམ་མཁའ་དེ་མིན།ལྟོས་བཅས་ཀྱི་ཆ་ནས་བཤད་ན་མིའི་རིགས་མ་གཏོགས་ཚོར་འདུ་ཡི་མཁའ་དབུགས་ཀླས་ཡངས་དེ་འདྲའི་མེད་ལ་སྒྱུ་རྩལ་ཐད་ནས་ཀྱང་མིའི་རིགས་མ་གཏོགས་རི་མོ་ལྟ་བུའི་སྒྱུ་རྩལ་གྱི་ལས་རིགས་ལ་བྱེད་མཁན་མེད།དེའི་ནང་ནས་ཀྱང་ང་ཚོའི་འཚོ་གནས་དང་ཁ་བྲལ་ཐབས་མེད་པའི་ཚོར་བྱུང་གི་འཇིག་རྟེན་ནི་སྒྱུ་རྩལ་གྱིས་བསྐྲུན་པ་བྱས་ཡོད་ལ།སྙན་ངག་གི་བྱ་འགུལ་ནི་སྒྱུ་རྩལ་ལས་རིགས་དེའི་གོ་བབ་མཐོ་རིམ་ན་འགྲེང་བ་ཞིག་ཏུ་གྲུབ་འདུག  ཡིན་ནའང་སྙན་ངག་གི་ཕྱི་གཟུགས་དང་གདོང་འབག་རྐྱང་པའི་ཚོར་བྱུང་ནི་སྙན་ངག་གི་ཆ་ཤས་ཤིག་ལས་ཚད་མཐོའི་སྒྱུ་རྩལ་བྱ་འགུལ་ཐད་དུ་བགྲངས་ཐབས་མེད་དོ།།

 

 

Share this:
༢༥༤ ཀློག་གྲངས།