ལས་དོན་གཙོ་བོ་དེ་དྲ་ཐོག་སློབ་གྲྭ་ཡིན་ཞེས་བརྗོད་སོང་།

nyawang tenliནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལགས་སུ་བཅར་འདྲི། སྐུ་ཞབས་ངག་དབང་འཕྲིན་ལས་ནི་ཧྥ་རན་སི་ནས་ཡིན་པ་དང་། ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་དུ་སྐྱེས། ཆུང་དུས་ནས་བ་རྫི་རུ་འགྲོ་ཞོར་དུ་ཆོས་ཚོགས་ཤིག་གི་སློབ་གྲྭར་དབྱིན་ཡིག་དང་།

བོད་ཡིག་སློབ་སྦྱོང་གནང་། དགུང་ལོ་བཅུ་དྲུག་ཐོག་རྒྱ་གར་དུ་ཡོང་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས། སྐར་རྩིས་སོགས་ལ་སློབ་གཉེར་གནང་བཞིན། དྷ་སར་དྲ་ཐོག་གི་བོད་ཡིག་སློབ་གྲྭ་འདི་གསར་འཛུགས་བྱས་ཡོད་པ་རེད།
དྲི་བ། ཐོག་མར་ནང་བསྟན་སྲི་ཞུ་ཁང་གི་ངོ་སྤྲོད་མདོར་བསྡུས་ཤིག་གསུངས་རོགས།
ལན། ནང་བསྟན་སྲི་ཞུ་ཁང་ཟེར་བའི་ཚོགས་པ་འདི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་གནས་ཡོང་ཐབས་སུ། ཕྱི་ལོ་༢༠༡༡ ལོར་གསར་དུ་བཙུགས་པའི་ཁེ་མེད་ཚོགས་པ་ཞིག་རེད། དེ་ཡང་ང་ཚོའི་དམིགས་ཡུལ་གཙོ་བོ་དེ། འཇིག་རྟེན་འདིའི་ཕན་པ་དང་བདེ་བ་མཐའ་དག་གི་རྒྱུ་གཙོ་བོར་གྱུར་པའི་ནང་པ་སངས་རྒྱས་པའི་ཆོས་ཉར་ཚགས་དང་དར་སྤེལ་ལ་རམ་འདེགས་ཞུས་ཏེ་བསྟན་འགྲོར་སྲི་ཞུ་བསྒྲུབ་རྒྱུ་དེ་ཡིན། དོན་དག་དེ་བསྒྲུབ་པའི་ཆེད་དུ་ང་ཚོས་བདམས་པའི་གོམ་པ་དང་པོ་ནི་བོད་ཀྱི་ཆོས་དང་རིག་གཞུང་ཉར་ཚགས་བྱ་རྒྱུ་དེ་རེད། བོད་ཀྱི་ནང་བསྟན་རིག་གཞུང་ཡུན་རིང་དུ་གནས་པར་བོད་ཀྱི་སྐད་ཡིག་ཡུན་རིང་དུ་གནས་དགོས་པ་དང་། བོད་ཀྱི་སྐད་ཡིག་ཡུན་རིང་དུ་གནས་པ་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་བྱ་སའི་ཁོར་ཡུག་རྒྱ་ཇེ་ཆེར་གཏོང་ཐུབ་དགོས། དེར་བརྟེན། ང་ཚོའི་ལས་གཞི་དང་པོ་དེ་དྲ་ཐོག་སློབ་གྲྭ་ཞིག་བཙུགས་ཡོད་པ་དེ་རེད།
skད་ལྟའི་ཆར་དྲ་ཐོག་སློབ་གྲྭ་འདིས་ལས་དོན་གཙོ་བོ་གཉིས་སྒྲུབ་ཀྱི་ཡོད། ལས་དོན་དང་པོ་དེ་ཕྱི་རྒྱལ་ཁག་ཏུ་འདུག་མཁན་གྱི་བོད་པའི་སྐད་ཡིག་དང་རིག་གཞུང་སྦྱང་སའི་གོ་སྐབས་མ་རག་པའི་བོད་རིགས་གཞོན་སྐྱེས་ཚོར་བོད་པའི་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་ལ། ཕྱི་རྒྱལ་མི་རིགས་ཡིན་པ་གང་ཞིག་ལ་བོད་ཀྱི་ཆོས་དང་སྐད་ཡིག་ལ་དོ་སྣང་ཡོད་མཁན་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད། ད་དུང་ཕྱི་རྒྱལ་སློབ་ཕྲུག་དང་བོད་སྐད་གཏན་ནས་མི་ཤེས་པའི་བོད་རིགས་སློབ་ཕྲུག་ཚོར་ཟླ་བ་གསུམ་གྱི་རིང་། བོད་ཀྱི་ཕལ་སྐད་སྦྱོང་སའི་ཐབས་ལམ་གསར་པ་《ཁ་སྐད་མྱུར་སྦྱོང》ཞེས་པའི་ལས་རིམ་ཞིག་ཀྱང་གོ་སྒྲིག་ཞུ་བཞིན་ཡོད། ཐབས་ལམ་དེའི་ཁྱད་ཆོས་ནི་ཉིན་རེར་སློབ་ཕྲུག་རེ་ལ་སྒེར་གྱི་དགེ་རྒན་བཞི་རེ་རག་གི་ཡོད་ལ། ཉིན་མ་རེ་རེ་ལ་དགེ་རྒན་བཞི་རེས་རེ་མོས་ཀྱིས་ཆུ་ཚོད་བརྒྱད་ཀྱི་རིང་སློབ་ཚན་དང་སྦྱོང་བརྡར་སྤེལ་མའི་ཐོག་ཕལ་སྐད་སློབ་སྦྱོང་སྤྲོད་ཀྱི་ཡོད། ད་ལྟའི་ཆར་ཐབས་ལམ་དེས་གྲུབ་འབྲས་ཤིན་ཏུ་བཟང་པོ་ཐོབ་ཡོད་པ་མ་ཟད། ཐབས་ལམ་དེས་ཕྱི་སྡོད་བོད་རིགས་གཞོན་སྐྱེས་བོད་ཀྱི་སྐད་ཡིག་མི་ཤེས་པ་དག་ལ་གུང་སེང་གི་དུས་ཡུན་ཐུང་ཐུང་ནང་ལ་སོ་སོའི་ཕ་སྐད་ཤེས་ཐུབ་པ་ཆགས་ཀྱི་ཡོད་ལ། དེ་ནི་དུས་ཐོག་ཆར་པའི་དཔེ་ལྟར་ཐབས་ལམ་ཧ་ཅང་གི་བཟང་པོ་ཞིག་ཡིན་བསམ་གྱི་ཡོད།   
ལས་དོན་གཉིས་པ་དེ་ང་ཚོའི་ཚོགས་པ་འདིས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཁྲིད་མཁན་གྱི་དགེ་རྒན་དང་། སྐད་ཡིག་ལ་ཞིབ་འཇུག་བྱེད་མཁན་སོགས་ཀྱི་ཐད་ནས་མི་མང་པོ་ཞིག་ལ་ལས་ཀ་སྤྲོད་ཐུབ་པ་ཡོང་གི་ཡོད། རྒྱུ་མཚན་དེས་ན་ང་ཚོའི་ཚོགས་པ་འདིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྤྱི་ཚོགས་བཅས་ལ་ཞབས་འདེགས་ཞུ་ཐུབ་པ་མ་ཟད། ལས་ཀ་འཚོལ་མཁན་ཚོར་རང་གི་འཚོ་གནས་ཀྱི་ལས་ཀ་གང་འདོད་རག་ཐུབ་པའི་ཁོར་ཡུག་ཅིག་ཀྱང་བསྐྲུན་ཐུབ་པ་བྱ་རྒྱུའི་དམིགས་ཡུལ་ཡོད། ལས་དོན་གཙོ་བོ་དེ་གཉིས་ཀྱི་ཐོག་ནས་ང་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་ལས་ཀ་བྱེད་ཀྱི་ཡོད། གཞན་ཡང་ང་ཚོས་ནང་བསྟན་རིག་གནས་སྒྱུར་མཁན་ཚོར་རོགས་པ་བྱེད་པ་དང་། རིག་གཞུང་དཔེ་རྙིང་ཁག་གློག་ཀླད་དུ་ནང་འཇུག་བྱེད་པ། བླ་ཆེན་རྣམ་པའི་བཀའ་སློབ་ཡིག་ཐོག་ཏུ་ཕབ་པ། བོད་ཀྱི་སྐད་ཡིག་ལ་ཞིབ་འཇུག་བྱེད་པ། ཚིག་མཛོད་སྒྲིག་སྟངས་སོགས་ཀྱི་ལས་ཀ་མང་པོ་ཞིག་བྱེད་བཞིན་པ་ཡིན།

དྲི་བ། ད་ལྟའི་ཆར་ཁྱེད་རང་ཚོར་དྲ་ཐོག་གི་སློབ་ཕྲུག་ག་ཚོད་ཡོད།
ལན། སྤྱིར་བཏང་ང་ཚོས་བོད་ཀྱི་སྐད་ཡིག་ཁྲིད་སའི་ལས་གཞི་གཙོ་བོ་དེ་ཕྱི་རྒྱལ་བ་ཚོའི་ཆེད་དུ་རེད། དེ་ཡང་དམིགས་ཡུལ་དང་པོ་དེ་སྐད་སྒྱུར་གསར་པ་བསྐྱེད་བསྲིང་གི་ཐབས་ཤེས་ཤིག་བཏང་སྟེ། སྐད་སྒྱུར་བྱེད་བཞིན་པ་ཚོར་ཁ་སྐད་སློབ་ཀྱི་ཡོད། ད་ལྟའི་ཆར་ང་ཚོར་རྒྱལ་ཁབ་ཁག་མི་འདྲ་བ་༢༢ ནས་དྲ་ཐོག་གི་སློབ་ཕྲུག་༧༥ ཡོད། དེ་དག་ལ་ཉི་མ་རེར་སློབ་ཚན་ཐེངས་༣༥ ལྷག་སློབ་ཁྲིད་བྱེད་ཀྱི་ཡོད། ཡང་ང་ཚོས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་ཕྲུ་གུ་ཚོའི་ཆེད་དུ་ཤེས་རིག་ལས་ཁུངས་དང་མཉམ་དུ་སློབ་ཚན་ཞིག་གྲ་སྒྲིག་བྱེད་བཞིན་པ་ཡིན་ལ། ལས་གཞི་དེ་འགོ་བརྩམས་རྗེས་ཀྱི་དྲ་ཐོག་སློབ་ཐོན་པ་ཚོར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་མཐར་ཕྱིན་ལག་ཁྱེར་སྤྲོད་རྒྱུའི་གན་རྒྱ་ཡང་བཞག་ཡོད།

དྲི་བ། རྩ་བས་ང་ཚོའི་སྐད་ལ་ཆོལ་ཁ་གསུམ་གྱི་སྐད་ཡོད་དུས་ཕྱི་རྒྱལ་སློབ་ཕྲུག་ཚོའི་ནང་ལ་ཆོལ་ཁ་བྱེ་བྲག་པའི་ཡུལ་སྐད་སྦྱང་དགོས་ཟེར་མཁན་འདུག་གམ།
ལན། སྤྱིར་བཏང་སློབ་ཕྲུག་མང་ཆེ་བས་དབུས་སྐད་སྦྱོང་གི་ཡོད་རེད། ཡིན་ན་ཡང། སློབ་ཕྲུག་ཁ་ཤས་ཨམ་སྐད་སྦྱང་དགོས་ཟེར་མཁན་དང་། ཁམས་སྐད་སྦྱང་དགོས་ཟེར་མཁན། ཡང་ཁམས་ནང་ཆེན་གྱི་སྐད་སྦྱང་དགོས་ཟེར་མཁན་དང་། ཨ་མདོ་རེབ་གོང་གི་སྐད་སྦྱང་དགོས་ཟེར་མཁན་དེ་འདྲ་ཡང་འདུག དེ་ཚོ་ལ་ཡང་ང་ཚོས་དམིགས་བསལ་གྱིས་སློབ་མའི་རེ་བ་དང་བསྟུན་ཏེ། དགེ་རྒན་གྲ་སྒྲིག་གིས་ཡུལ་སྐད་བྱེ་བྲག་པ་སློབ་ཀྱི་ཡོད།

དྲི་བ། ད་ལྟའི་ཆར་ཁྱེད་རང་ཚོར་དྲ་ཐོག་གི་སློབ་ཚན་ཁྲིད་མཁན་གྱི་དགེ་རྒན་ག་ཚོད་ཅིག་ཡོད།
ལན། ད་ལྟའི་ཆར་ང་ཚོའི་ཚོགས་པར་ལས་བྱེད་༢༠ ལྷག་ཙམ་ཡོད་རེད། དེའི་ནང་ལ་དྲ་ཐོག་སློབ་གྲྭའི་གཏན་འཇགས་དགེ་རྒན་༡༦ ཡོད། ཁོང་ཚོ་མང་ཆེ་བ་ས་ཪཱ་མཐོ་སློབ་མཐར་ཕྱིན་ཚར་མཁན་རེད་ལ། ང་ཚོའི་དྲ་ཐོག་གི་དགེ་རྒན་ཚོའི་སློབ་ཁྲིད་ཀྱི་སྤུས་ཀ་ཚད་ལྡན་ཡོང་ཆེད་དང་། སྐད་སྒྱུར་བ་ཚད་ལྡན་ཡོང་ཕྱིར་ས་རཱ་མཐོ་སློབ་ཀྱི་འཛིན་སྐྱོང་དང་མཉམ་དུ་དྲ་ཐོག་གི་དགེ་རྒན་ཚོར། ལོ་གཅིག་གི་རིང་དགེ་རྒན་འོས་སྦྱོང་ཞིག་འཛུགས་འཆར་གྱི་གྲོས་བྱེད་བཞིན་པ་ཡིན། དྲ་ཐོག་གི་སློབ་གྲྭ་འདི་ཚགས་ཚུད་པོ་ཞིག་བྱུང་པ་ཡིན་ན། སློབ་སྦྱོང་བྱེད་མཁན་དང་སློབ་སྦྱོང་སྤྲོད་མཁན་གཉིས་ཀར་ཕན་ཐོགས་ཡོད་རེད། དཔེར་ན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཚོས་ཕྱི་རྒྱལ་རང་ནས་འགྲོ་སོང་བཏང་སྟེ། བོད་ཀྱི་སྐད་ཡིག་སྦྱོང་དགོས་ན་འགྲོ་སོང་གཏོང་ཐུབ་ཀྱི་མ་རེད། ཨ་སྒོར་གྱི་འཛའ་དང་བསྡུར་ནས་བཤད་ན་ཧ་ཅང་སློབ་ཡོན་ཆེན་པོ་རེད་ལ། རྒྱ་གར་ནང་དུའང་ཚོགས་པ་དང་དགེ་རྒན་གཞན་དག་ལ་ཆུ་ཚོད་གཅིག་རིང་ཧིན་སྒོར་༢༠༠ སྤྲད་དགོས་ཀྱི་ཡོད་རེད། ཡིན་ན་ཡང་། ང་ཚོའི་ཚོགས་པ་འདི་ཁེ་མེད་ཚོགས་པ་ཞིག་ཡིན་དུས་གོང་གི་གནས་སྟངས་དེ་གཉིས་ལས་རྦད་དེ་སློབ་ཡོན་ཆུང་བ་ཡོད་རེད།

དྲི་བ། དྲ་ཐོག་ནས་བོད་སྐད་སློབ་མཁན་གྱི་ཚོགས་པ་གཞན་པ་དེ་འདྲ་ཡོད་རེད་དམ།
ལན། སྤྱིར་བཏང་ཕྱི་རྒྱལ་ཁག་ཁག་ཏུ་དྲ་ཐོག་ནས་བོད་སྐད་སློབ་མཁན་གྱི་ཚོགས་པ་ཁ་ཤས་ཤིག་འདུག ཡིན་ན་ཡང་། ད་ལྟའི་བར་སློབ་ཚན་ཁྲིད་ཐབས་དང་སློབ་ཡོན་གང་གི་ཐད་ནས་བསྡུར་ཡང་དྲ་ཐོག་གི་སློབ་གྲྭ་ཡག་ཤོས་དེ་ང་ཚོའི་ཚོགས་པ་འདི་ཡིན་བསམ་གྱི་ཡོད། གང་ཡིན་ཟེར་ན། ཚོགས་པ་གཞན་པ་དེ་ཚོར་རྒྱུས་ལོན་བྱས་སྐབས་ཚོགས་པ་ཁ་ཤས་ཀྱི་དྲ་ཐོག་དགེ་རྒན་ཚོ་བོད་པ་མ་ཡིན་པ་དང་། ཚོགས་པ་ཁ་ཤས་ཀྱི་སློབ་ཡོན་ཡང་ཧ་ཅང་ཆེན་པོ་རེད་འདུག  ཡིན་ནའང་ང་ཚོའི་ཚོགས་པ་འདིའི་དམིགས་ཡུལ་ནི་ནང་པ་སངས་རྒྱས་པའི་བསྟན་པ་སྤྱི་དང་དེའི་རྟེན་གཞི་གཙོ་བོར་གྱུར་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྲི་ཞུ་བསྒྲུབ་རྒྱུ་ཉག་ཅིག་ཡིན་པས། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་མཁན་གྱི་སྤྱི་སྒེར་སུ་ལའང་ང་ཚོས་འདི་ནས་གྲ་སྒྲིག་བྱས་པའི་སློབ་ཁྲིད་ཡོ་ཆས་དང་། སློབ་ཁྲིད་ཀྱི་ཐབས་ལམ་དང་ཉམས་མྱོང་སོགས་དགོས་ཕན་ཡོད་པ་དག་ལ་རིན་མེད་ཀྱི་ཐོག་ནས་འགྲེམས་སྤེལ་དང་ཞབས་ཞུ་བྱ་རྒྱུ་ནི་ང་ཚོའི་ལས་འགན་གཙོ་བོ་ཞིག་ཡིན་བསམ་གྱི་ཡོད།།

 

ནང་བསྟན་སྲི་ཞུ་ཁང་གི་དྲ་ཐོག་གི་དགེ་རྒན་ཁག་ཅིག་ལ་ལས་གཞི་འདིས་ཁྱེད་རང་ཚོའི་ཐོག་མའི་དམིགས་ཡུལ་བཞིན་སློབ་ཁྲིད་བྱེད་ཐུབ་ཀྱི་འདུག་གམ་ཞེས་དྲིས་པར།
2012_8_13_norbuནོར་བུ་རྡོ་རྗེས་“ང་རང་ཆུང་དུས་ནས་སློབ་གྲྭ་འདྲ་མིན་དང་ཝྭ་ཎའི་བོད་ཀྱི་མཐོ་སློབ་སོགས་ལ་སློབ་སྦྱོང་གི་གོ་སྐབས་རག་སོང་ལ་རང་གི་དམིགས་ཡུལ་བཞིན་ད་སྐབས་དྲ་ཐོག་གི་དགེ་རྒན་བྱས་ནས་ལོ་གཅིག་མ་ཟིན་ཙམ་འགྲོ་སོང་། དུས་ཡུན་དེ་དག་གི་རིང་རྒྱལ་ཁབ་འདྲ་མིན་གྱི་སློབ་ཕྲུག་༢༠ ལྷག་ལ་བོད་སྐད་སློབ་བཞིན་ཡོད། རྩ་བས་ང་ཚོའི་དྲ་ཐོག་གི་སློབ་ཚན་དེར་ནང་ཆོས་ཀྱི་སྡེ་ཚན་དང་། སྐད་ཡིག་གི་སྡེ་ཚན། ཁ་སྐད་ཀྱི་སྡེ་ཚན་གསུམ་ཡོད་རེད། ངས་ལོ་གཅིག་མ་ཟིན་ཙམ་གྱི་རིང་དགེ་རྒན་བྱས་པའི་ཉམས་མྱོང་གི་ཐོག་ནས་བཤད་ན་དྲ་ཐོག་གི་སློབ་གྲྭ་དེས་བོད་ཀྱི་སྐད་ཡིག་སྦྱང་མཁན་ཚོར་ཕན་ཐོགས་འདུག་ལ། དེ་ལས་ཀྱང་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཆེད་ཕན་ཐོགས་ཆེན་པོ་འདུག  དེར་བརྟེན། ད་ལྟའི་ཆར་གང་འཚམ་གྱིས་ཐོག་མའི་རེ་བ་བཞིན་འགྲུབ་སོང་བསམ་གྱི་ཡོད་ལ། ཕྱིས་སུ་དེ་ལས་ཀྱང་ཡར་རྒྱས་འགྲོ་རྒྱུའི་རེ་བ་དང་དམིགས་ཡུལ་ཡོད་”ཅེས་བརྗོད་སོང་།

2012_8_13_namdakབསྟན་འཛིན་རྣམ་དག་གིས། “ལས་དོན་འདིས་ང་ཚོའི་ཐོག་མའི་དམིགས་ཡུལ་བཞིན་འགྲུབ་ཀྱི་འདུག་བསམ་གྱི་ཡོད། གང་ཡིན་ཟེར་ན། ང་ཚོའི་དམིགས་ཡུལ་དང་པོ་དེ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཆེད་རམ་འདེགས་ཞུ་རྒྱུ་དེ་རེད། དེར་བརྟེན། ད་ལྟའི་ཆར་ང་ཚོས་མི་རིགས་འདྲ་མིན་གྱི་སློབ་ཕྲུག་མང་པོ་ཞིག་ལ་བོད་ཀྱི་ཆོས་དང་སྐད་ཡིག་སློབ་ཀྱི་ཡོད་རེད། སློབ་ཕྲུག་ཚོའི་ངོས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ལྷག་པར་དུ་སློབ་ཕྲུག་ཁག་ཅིག་གི་སྐད་ཡིག་མི་འདྲ་བ་༡༣ ཙམ་ཤེས་ཀྱི་འདུག་ལ། ཁོང་ཚོས་ཧ་ཅང་དོ་སྣང་ཆེན་པོས་སྦྱོང་གི་འདུག་པས་དགེ་རྒན་ཚོས་ཀྱང་སྔ་ས་ནས་ཉིན་རེའི་སློབ་ཚན་གྲ་སྒྲིག་ཡག་པོ་བྱེད་དགོས་ཀྱི་ཡོད་རེད། དེར་བརྟེན། ད་ལྟའི་ཆར་དྲ་ཐོག་གི་སློབ་གྲྭ་འདིས་ཐོག་མའི་ང་ཚོའི་དམིགས་ཡུལ་བཞིན། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་པར་རམ་འདེམས་ཆེན་པོ་བྱེད་ཐུབ་ཀྱི་ཡོད་རེད་ལ། མ་འོངས་པ་ཡིན་ན་ཡང་སྔར་ལས་ལྷག་པའི་ལས་དོན་ཚགས་ཚུད་ཀྱིས་རང་གཞན་ཚང་མར་ཕན་ཐོགས་ཡོང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་”ཅེས་བརྗོད་སོང་།།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༩    ཕྱི་ལོ་ ༢༠༡༢/༨/༡༥ ཐོག་བཀོད།

Share this:
༡༠༤ ཀློག་གྲངས།