ཁམས་ལི་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་དང་མི་མང་ཕོན་ཆེ་འཛིན་བཟུང༌།

ཞེས་མིང་བརྗོད་འདོད་མེད་པའི་གྲོགས་པོ་ཞིག་ལ་བཤད་ཡོད་པ་གནས་ཚུལ་འཁོ་སྤྲོད་པས་འགན་ལེན་བྱེད་ཀྱི་འདུག ཉིན་རྒྱབ་ཏུ་ཉེ་འབྲེལ་ཁ་ཤས་ཁོང་ལ་ཟས་དང་གོས་སྐྱེལ་བར་ཕྱིན་ཡོད་ཀྱང་དངོས་སུ་ཐུག་འཕྲད་བྱུང་མེད་པ་མ་ཟད་བཙོན་ཁང་ཡང་གང་ཡིན་གསལ་པོ་ཤེས་མེད་པ་རེད།འོན་ཀྱང་རྒྱང་ནས་མཐོང་བའི་མི་ཁ་ཤས་ཀྱིས་དམག་སྒར་ཉེ་འགྲམ་དུ་ལྷུན་འགྲུབ་དྲུད་ནས་འགྲོ་སྟངས་ལ་བལྟས་ན་ཧ་ལམ་རྐང་ལག་བཅག་ཟིན་པ་འདྲ། ཞེས་བཤད་མཁན་ཡང་བྱུང་འདུག རང་ལོ་༣༧ ལ་སོན་པའི་གྲྭ་ལྷུན་འགྲུབ་ནི། གེ་མོ་སྟོད་སྨད་གཉིས་ཀྱི་གེ་མོ་སྟོད་ཀྱི་གནས་སྒོ་དགོན་པ་ནས་ཡིན་ཅིང་ལི་ཐང་ལ་གནས་སྤོ་བྱས་ནས་དུས་ཚོད་རིང་པོ་སོང་མེད། རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་སྒོ་འབྱེད་སྐབས་གནས་སྐོར་དང་ྋགོང་ས་མཆོག་ལ་ཆོས་འབྲེལ་ཡང་འཇོག་མྱོང་འདུག། ཅེས་དང༌།
    འབྲས་སྒོ་མང་ལི་ཐང་གྲྭ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་འགྲེལ་བརྗོད་གནང་བ་གོང་དུ་མི་གསལ་བ་ཁག་ཅིག་ཁ་སྣོན་བྱས་པ། ཉིན་དེར་བློ་བཟང་ལྷུན་འགྲུབ་ཀྱིས་སྐད་འབོད་བྱས་ནས་རྒྱ་ལིག་ཚོང་ཁང་ནས་ཁྲུང་ཁྲུང་དཀར་མོའི་ཁྲོམ་གཞུང་བར་སྐད་འབོད་བྱས་ཡོད་པ་དང༌། མི་མང་ཕོན་ཆེ་མཉམ་བསྐྱོད་བྱས་ཡོད་འདུག ཁྲུང་ཁྲུང་དཀར་མོའི་ཁྲོམ་གཞུང་དུ་སླེབས་སྐབས་ཉེན་རྟོག་པ་དང༌། དམག་མི། ཉུལ་ཞིབ་སྡེ་ཚན་གཅིག་གཅིག་ཀླད་ཀོར་ཟེར་བ་བཅས་ཕོན་ཆེ་ཡོང་ནས་གེ་མོ་གྲྭ་བློ་བཟང་ལྷུན་འགྲུབ་འཛིན་བཟུང་བྱས་པ་དང༌། དེའི་རྗེས་སུ་གེ་མོ་སྟོད་ཀྱི་སྡེ་དཔོན་བློ་བཟང་ཚེ་རིང་གིས་གཙོས་མི་༢༨ ལི་ཐང་རྫོང་དང༌། ཉེན་རྟོག་ལས་ཁུངས་སུ་གཏུག་བཤེར་བྱེད་དུ་སོང་འདུག ཁོང་ཚོས་བློ་བཟང་ལྷུན་གྲུབ་ཀྱིས་སྐད་འབོད་བྱས་པ་དེ་དག་ཐོབ་ཐང་དང་རང་དབང་མེད་པར་དཀའ་ངལ་ཆེན་པོ་ཞིག་གི་འོག་ནས་བྱས་པ་ཞིག་ཡིན་ཚུལ་སོགས་འགྲེལ་བཤད་བརྒྱབ་ཡོད་པ་དང༌། མཐའ་མ་རྒྱ་གཞུང་གིས་ལས་བྱེད་པས་ཡིག་ཆ་ཞིག་སྤྲད་ནས། སྡེ་དཔོན་བློ་བཟང་ཚེ་རིང་ལ་ཁྱོད་རང་གིས་ཡིག་ཆ་འདི་ལ་ས་རྟགས་བརྒྱབ་པ་ཡིན་ན། ཁ་ཐུག་ལ་རྒྱ་མིའི་སྒོར་མོ་ཁྲི་དྲུག་ཅུ་ཐམ་པ་སྤྲོད་ཀྱི་ཡིན་པ་དང༌། བཙོན་པ་གློད་གྲོལ་གཏོང་རྒྱུ། དེ་བཞིན་གེ་མོ་སྡེ་བའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་བཅས་བཤད་འདུག ཡིག་ཆའི་ནང་དོན་ྋགོང་ས་མཆོག་ལ་གཞི་མེད་སྐུར་འདེབས་དང༌། ད་ལོའི་ལོ་སར་མཚམས་འཇོག་མི་བྱེད་པ་བཅས་འཁོད་ཡོད་པས། བློ་བཟང་ཚེ་རིང་གིས་ངས་ྋརྒྱལ་བ་རིན་པོ་མཇལ་ནས་གསུང་ཆོས་ཞུས་མྱོང་བས་རྩ་བའི་བླ་མ་ཡིན། ཡིག་ཆ་དེ་འདྲའི་ཐོག་ལ་ས་རྟགས་ང་བསད་ཀྱང་རྒྱག་གི་མ་རེད། ཅེས་བློ་ཐག་ཆོད་པོའི་ཐོག་ནས་བཤད་ཡོད་པས་ཉིན་འདིར་བློ་བཟང་ལྷུན་གྲུབ་གློད་གྲོལ་བཏང་མེད་པ་མ་ཟད། ཁོང་ཚོ་ཡང་དགོང་མོའི་བར་བཀག་ཉར་བྱས་འདུག འོན་ཀྱང་མི་མང་ཕོན་ཆེ་རིམ་བཞིན་འདུ་འཛོམས་བྱུང་བར་བརྟེན་མི་༢༨ པོ་དེ་དག་དགོང་མོ་དེར་གློད་གྲོལ་བཏང་འདུག
    སེར་སྨད་ལི་ཐང་གྲྭ་བློ་དགའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་༡༦ ཉིན་ཡང༌། སྔར་ཉིན་འཛིན་བཟུང་བྱས་པའི་གེ་མོ་བ་གྲྭ་ལྷུན་གྲུབ་ཀྱི་ཕ་མ་གཅིག་པའི་སྤུན་མཆེད། རང་ལོ་༢༩ ཡིན་པ་བསོད་ནམས་བསྟན་པ་དང༌། ལོ་༣༠ ཡིན་པ་བྱམས་པ་ཐོགས་མེད། ལོ་༢༦ ཡིན་པ་དགེ་ལེགས་ཀུན་དགའ། ལོ་༢༣ ཡིན་པ་བློ་བཟང་བསྟན་འཛིན་བཞིས་ལག་ཏུ་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་པར་རེ་ཁྱེར་ནས་ཁོང་ཚོ་དང་ལུང་པ་གཅིག་པའི་རང་ལོ་༣༠ ཡིན་པ་བྱམས་པ་ཡོན་ཏན་དང༌། ལོ་༢༩ ཡིན་པ་སངས་རྒྱས། ལོ་༢༨ ཡིན་པ་བྱམས་པ་ཚེ་རིང༌། ལོ་༣༠ ཡིན་པ་བློ་བཟང་དབང་ཕྱུག ལོ་༢༡ ཡིན་པ་བློ་བཟང་བཀྲ་ཤིས། ལོ་༣༠ ཡིན་པ་དགེ་འདུན་ཆོས་འཕེལ། ལོ་༣༧ ཡིན་པ་དར་རྒྱས། ལོ་༢༩ ཡིན་པ་དགེ་འདུན། ལོ་༤༠ ཡིན་པ་འཇམ་དཔལ། ལོ་༤༡ ཡིན་པ་ཨ་རྡོ་རྒྱལ་མཚན། སོགས་མི་གྲངས་ཉི་ཤུ་ལྷག་གིས་ཚེས་༡༦ ཉིན་གྱི་སྔ་དྲོར་བོད་རང་བཙན་ཡིན། ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག གྲྭ་བློ་བཟང་ལྷུན་གྲུབ་གློད་གྲོལ་གཏོང་དགོས་ཟེར་བ་སོགས་འབོད་ཚིག་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་མ་ཟད། དེ་དང་ལྷན་དུ་ལི་ཐང་མཐིལ་བདེ་སྐྱིད་གྲོང་པས་གཙོས་མི་མང་རྣམས་ཀྱིས་ཀྱང་ངོ་རྒོལ་མཉམ་དུ་བྱས། བདེ་སྐྱིད་གྲོང་གི་ནང་ཚན་གྲོང་ཁག་གསུམ་ཡོད་པས་གྲོང་སྡེ་གཅིག་གི་འགོ་པ་རྫ་མཁན་འཕྲིན་ལས་དོན་གྲུབ་དང༌། ཡང་གྲོང་སྡེ་གཅིག་གི་འགོ་པ་དགྲ་འདུལ། གཉིས་ཀྱིས་ཀྱང་ངོ་རྒོལ་ཤུགས་ཆེན་བྱས་པར་འཇུ་བཟུང་བྱས་ཡོད་ཅིང༌། དེ་དང་ལྷན་དུ་བུད་མེད་གཡང་མོ་ཟེར་བའི་རང་ལོ་༣༤ ཅན་དང༌། ལོ་༢༦ ཡིན་པ་སྒྲོལ་མ། སོགས་མི་བཅུ་གྲངས་ཤིག་འཇུ་བཟུང་བྱས་ཡོད་འདུག་པ་དང༌། དེའི་རྗེས་སུ་གེ་མོ་སྡེ་བའི་མི་སུམ་ཅུ་ཙམ་ཉེན་རྟོག་ལས་ཁུངས་སུ་བཅར་བ་དེ་དག་ཀྱང་འཛིན་བཟུང་བྱས་འདུག མ་གཞི་ཉིན་དེར་དམག་མི་དང་ཉེན་རྟོག་པས་ཕྱག་སྐོར་ལ་འགྲོ་བའི་སྤོ་བོ་རྨོ་མོ་ཚུན་ཆད་ལ་རྡུང་རྡེག་བཏང་ཞིང༌། འབའ་དང་ལི་ཐང་གཉིས་ཀྱི་འགྲུལ་ལམ་ཡོངས་སུ་སྒོ་བརྒྱབ་ཡོད་པ་དང་སྐབས་དེར་ལི་ཐང་དུ་རོབ་རྩིས་བྱས་ན་དམག་མི་ཆིག་ཁྲི་ནས་ཆིག་ཁྲི་ལྔ་སྟོང་གི་བར་ཡོད་ཚུལ་འདུག
    འབྲས་སྒོ་མང་ལི་ཐང་གྲྭ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཉིན་འདིའི་གནས་ཚུལ་འགྲེལ་བརྗོད་གནང་བ་ནས་ཁ་སྐོང་བྱས་པ། གོང་གསལ་གྲྭ་པ་དེ་དག་གིས་སྔ་དྲོ་ཆུ་ཚོད་༡༠ ཙམ་ལ་སྐད་འབོད་བྱས་པར་ཉེན་རྟོག་པ་དང་དམག་མིས་ཁོང་ཚོར་ཚད་ལས་བརྒལ་བའི་ཉེས་རྡུང་བཏང་བར་བརྟེན། གཡས་གཡོན་དུ་ཡོད་པའི་བོད་རིགས་མི་མང་གིས་སེམས་ཀྱིས་མ་བཟོད་པར་དེ་ག་རང་དུ་སྐད་འབོད་ཤུགས་ཆེ་བརྒྱབ་ཡོད་པ་དང༌། སྐབས་དེར་ལི་ཐང་བདེ་སྐྱིད་གྲོང་གི་སྡེ་ཤོག་དང་པོའི་སྡེ་དཔོན་ཟུར་པ་འཕྲིན་ལས་དོན་གྲུབ་ཀྱིས་མི་མང་གི་བདེ་འཇགས་ཆེད་དུ་དམིགས་ནས། མི་མང་ལ་ཟིང་མ་རྒྱག་དང༌། ང་ཚོས་སྐད་ཆ་བཤད་ནས་འགྲིག་གི་རེད་ཅེས་མི་མང་བཀག་ཡོད་ཀྱང༌། དམག་མི་དང་ཉེན་རྟོག་པ་དེ་དག་མི་མང་གི་ནང་དུ་བརྒྱུགས་ནས་གང་བྱུང་རྡུང་རྡེག་བཏང་བ་དང༌། སྡེ་དཔོན་ལའང་ཉེས་རྡུང་ཚད་མེད་བཏང་བར་བརྟེན། སྡེ་དཔོན་ཡང་ཨུ་ཐུག་སྟེ་ཡར་ལངས་ནས་ང་ཚོ་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་ཡང་མེད་པ་ག་རེ་རེད། རང་དབང་མེད་པ་ག་རེ་རེད། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་ཡིན་ཞེས་སྐད་འབོད་ཤུགས་ཆེན་པོ་བརྒྱབ་འདུག ཉེན་རྟོག་པ་དང་དམག་མིས་མི་མང་ལ་རྡུང་རྡེག་ཚབས་ཆེན་བཏང་བར་བརྟེན་འཛིན་བཟུང་བྱེད་པའི་སྐབས་བཀྱགས་ནས་མོ་ཊའི་ནང་གཡུགས་པ་ལས། ལངས་ནས་འགྲོ་ཐུབ་མཁན་གཅིག་ཀྱང་མི་འདུག་ཟེར། འཛིན་བཟུང་བྱས་པ་ང་ཚོས་མིང་དང་ལོ་ཚང་མ་རག་པ་མི་༢༣ ཞིག་ཡོད་པ་དང༌། ད་ལྟ་རང་བོད་ནང་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། མི་མང་འཛིན་བཟུང་བྱས་པ་དེ་དག་ལི་ཐང་རྫོང་གི་བཙོན་ཁང་ནང་དུ་མ་ཤོང་བར་བཙོན་པ་མོ་ཊ་གཉིས་ལི་ཐང་གི་ཤང་ཚྭ་ཁ་ཟེར་བའི་བཀག་ཉར་ཁང་དུ་ཁྲིད་སོང་ཟེར། ད་དུང་ཉེས་རྡུང་བཏང་བ་དེའི་ནང་ནས་མི་གཉིས་བསད་སོང་ཟེར་ཡང༌། མི་དེ་གཉིས་ཀྱི་མིང་དང་ལོ་ད་ལྟ་ཁ་གསལ་ཤེས་རྟོགས་བྱུང་མ་སོང༌། བོད་རིགས་མི་མང་རྣམས་ཨུ་ཐུག་ནས་འཛིན་བཟུང་བྱས་པ་དེ་དག་གློད་གྲོལ་མ་བཏང་ན། མུ་མཐུད་ངོ་རྒོལ་བྱེད་རྒྱུའི་གྲ་སྒྲིག་ཨང་གསལ་ཡོད་ཚུལ་འདུག་ཅེས་འགྲེལ་བརྗོད་གནང་སོང༌།།

Share this:
༡༡༧ ཀློག་གྲངས།