ལ་དྭགས་སུ་གདུང་སེམས་མཉམ་སྐྱེད་ཆེད་མཆོད་འབུལ་སྨོན་ལམ།

ཟླ་འདིའི་ཚེས་༡༩ ཉི་ལ་དྭགས་སླེ་རུ་བོད་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་བོད་མི་ཚོང་པ་ཁག་གིས་མཆོད་འབུལ་སྨོན་ལམ་འཚོགས་འདུག

དེ་ཡང་ས་གནས་ནས་ཁ་པར་བརྒྱུད་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། དེང་སྐབས་ལ་དྭགས་སུ་ཕྱི་རྒྱལ་མི་རིགས་སོགས་ཡུལ་སྐོར་སྤྲོ་འཆམ་པ་མང་བའི་སྟབས་དང་བསྟུན། ཟླ་འདིའི་ཚེས་༡༩ ཉིན་ལ་དྭགས་སླེ་རུ་ས་གནས་གང་ས་ནས་ཡོང་བའི་བོད་ཀྱི་ཚོང་པ་ཚོས་ས་གནས་ཀྱི་ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་སྒོ་བརྒྱབ་སྟེ། བོད་ནང་བོད་མི་༥༠ ལྷག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་ཏེ་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ཞི་རྒོལ་གནང་མཁན་གྱི་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་སྟོང་མཆོད་སྨོན་ལམ་འཚོགས་པ་དང་འབྲེལ་མ་ཎི་དང་སྒྲོལ་མ་གསོག་སྒྲུབ་ཞུས་ཡོད་པ་རེད།

སྐབས་དེར་བོད་མི་ཚོང་པ་རྒྱ་གར་དང་བལ་ཡུལ་གྱི་ས་གནས་གང་ས་ནས་ཡོང་མཁན་དང་། དེ་བཞིན་ཡུལ་དེར་གནས་སྡོད་བོད་མི་དང་། ལ་དྭགས་ཡུལ་མི་ཡང་མཉམ་ཞུགས་བྱས་ཡོད་པ་རེད།།

Share this:
༣༠ ཀློག་གྲངས།