ཆབ་སྲིད་བཙོན་པར་མནར་གཅོད།

རྒྱ་གཞུང་གིས་༢༠༠༨ ལོར་འཛིན་བཟུང་བཀག་ཉར་བྱས་པའི་ཁམས་སྡེ་དགེ་དགོན་གསར་དགོན་པའི་གྲྭ་ཡེ་ཤེས་རྒྱ་མཚོ་དང་། གྲྭ་བྱམས་པ་དབང་ཕྱུག་གཉིས་ཉེ་ཆར་ཀློད་གྲོལ་བཏང་ཡོད་འདུག་ཀྱང་། བཙོན་འོག་ཏུ་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ཁོང་གཉིས་ཀྱི་གཟུགས་པོ་བེད་མེད་དུ་གྱུར་ཡོད་འདུག

དེ་ཡང་ཁམས་སྡེ་དགེ་རུ་༢༠༠༨ ལོར་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་། བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་ཡོད་པ་དང་། སྐབས་དེར་ཁམས་སྡེ་དགེ་དགོན་གསར་དགོན་པའི་གྲྭ་པ་༡༡  ཙམ་འཛིན་བཟུང་གིས། ལོ་ཚད་འདྲ་མིན་གྱིས་ཁྲིམས་ཐག་བཅད་དེ་སི་ཁྲོན་ཞིང་ཆེན་མེན་ཡཱང་བཙོན་ཁང་སོགས་སུ་བཙོན་འཇུག་བྱས་ཡོད་ན་ཡང་། ཉེ་ཆར་དེ་སྔོན་བཙོན་འཇུག་བྱས་པའི་གྲྭ་བ་གཉིས་ཀློད་གྲོལ་བཏང་ཡོད་འདུག་ཀྱང་། རྒྱ་གཞུང་གིས་བཙོན་ཁང་དུ་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་པས། རང་ལོ་ ༣༠ ཡས་མས་ཡིན་པའི་གྲྭ་ཡེ་ཤེས་རྒྱ་མཚོའི་གཟུགས་པོའི་ཕྱེད་ཀ་ནུས་མེད་དུ་གྱུར་ཡོད་པ་མ་ཟད། སེམས་ཁ་མི་བདེ་བའི་གནས་སྟངས་ཡང་ཆགས་ཡོད་འདུག་ལ།  རང་ལོ་  ༤༠ ཡས་མས་ཡིན་པའི་གྲྭ་བྱམས་པ་དབང་ཕྱུག་གི་རྐང་པ་དང་སྐེད་པ་སོགས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག

Share this:
༣༩ ཀློག་གྲངས།