འཛིན་བཟུང་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་མི་འདུག

ཟླ་འདིའི་ཚེས་༡༣ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ལུང་རྟོགས་དང་མི་སྐྱ་བཀྲ་ཤིས་གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐབས། གཞུང་གི་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་ལྕགས་མདུང་འཛེར་མ་ཅན་སོགས་ལག་ཆ་འདྲ་མིན་བེད་སྤྱོད་བཏང་ནས་མི་མང་ལ་གཅར་རྡུང་དྲག་པོ་བཏང་ཞིང་།

ཁག་ཅིག་འཛིན་བཟུང་བྱས་པའི་ནང་ནས་ཤེས་རྟོགས་བྱུང་བ་ལྷ་སྡེ་འགབ་མའི་བོན་ཁོ་སྐྱིད། རང་ལོ་ ༤༤ ། ཕ་མིང་ལ་ཡར་འཕེལ་ཡིན་པ་དང་། ཇོ་ལེབས་སྡེ་པའི་གཡུང་ཁོ་ཚང་གི་ཆེ་མཆོག  རང་ལོ་༤༨ ཙམ་ཡིན་པ་ཁོང་གཉིས་ཡིན་ཞིང་། སྐབས་ཐོག་དེར་གཅར་རྡུང་གིས་རྨས་སྐྱོན་ཕོག་ཡོད་ཀྱང་། འཛིན་བཟུང་བྱས་པའི་རྗེས་སུ་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་གོ་ཐོས་བྱུང་མེད་པར་མུ་མཐུད་ལྷག་ཡོད་པ་རེད།

བོན་ཁོ་སྐྱིད་ལོ་སྔོན་མར་འཛིན་བཟུང་བཀག་ཉར་ཟླ་བ་གཅིག་ལྷག་རིང་བྱས་པ་དང་། ཉི་མ་མང་པོའི་རིང་ཁྲིམས་ལུགས་སློབ་གསོའི་ལས་འགུལ་ཞེས་པར་འགྲོ་དགོས་བྱུང་ཡོད་པ་རེད།།

གནས་ཚུལ་མཁོ་གཏོང་བ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང།

Share this:
༡༡༦ ཀློག་གྲངས།