རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཁག་ཅིག་རྒྱ་གཞུང་གིས་འཛིན་བཟུང་།

ཟླ་འདིའི་ཚེས་༢༤ ཉིན་གནས་ཚུལ་འབྱོར་གསལ་ལ། འདི་ཟླའི་ཚེས་ ༡༤ ཡས་མས་སུ་བོད་མདོ་སྨད་གཅིག་སྒྲིལ་རྫོང་། ཁང་གསར་མ་ནས་ཡིན་པའི་གྲྭ་བློ་བཟང་སངས་རྒྱས། རང་ལོ་ ༣༠ ཙམ་ཡིན་པ་དང་། དེ་བཞིན་འདི་ཟླའི་ཚེས་ ༡༧ ཉིན་རྔ་པ་རྫོང་གཅའ་ཞང་ཕྱུགས་ལས་གོང་མའི་གྲྭ་བློ་བཟང་དཀོན་མཆོག

རང་ལོ་ ༤༠ ཡིན་པ་ཁོང་གཉིས་རྔ་པ་རྫོང་ཉེན་རྟོག་པས་སྔ་ཕྱིར་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་ཀྱང་ཉིན་དེ་དག་གི་རིང་དུ་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་འབྲེལ་ཡོད་ཚོས་ཤེས་རྟོགས་བྱུང་གི་མེད་ལ། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཡང་གསལ་པོ་ཤེས་རྟོགས་མ་ཐུབ། ཁོང་གཉིས་ཀ་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཡིན་པ་དང་། བློ་བཟང་དཀོན་མཆོག་གི་ཕ་མིང་ལ་མཐར་རྟེན་དང་། མ་མིང་ལ་ཨ་མཚོ་ཡིན་ཞིང་། ཁོང་འཛིན་གྲྭ་དཀའ་རམས་དང་པོ་ཡིན་འདུག

བློ་བཟང་སངས་རྒྱས་ཀྱི་ཕ་མིང་ལ་རབ་བརྟན་དང་། མ་མིང་ལ་ཡུམ་ཁོ་ཡིན་ཞིང་། ཁོང་འཛིན་གྲྭ་ཕར་ཕྱིན་སྐབས་བཞི་པ་ཡིན་འདུག

དེ་མིན་ཉིན་ཤས་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་གསང་འདུས་དང་། གྲྭ་བློ་བཟང་བསྟན་འཛིན་གཉིས་འཛིན་བཟུང་གིས་ཉིན་བདུན་རིང་བཀག་ཉར་བྱས་ཏེ་འདྲི་རྩད་མང་པོ་བྱས་རྗེས་གློད་གྲོལ་བྱས་ཡོད། གྲྭ་བློ་བཟང་བསྟན་འཛིན་དེ་སྔོན་ཕྱི་ལོ་ ༡༩༩༨ ལོར་འཛིན་བཟུང་གིས་ལོ་ ༣ གྱི་བཙོན་འཇུག་ལོ་ཐག་བཅད་མྱོང་བ་དང་། ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་གིས་ཟླ་བ་གཅིག་ལྷག་རིང་བཀག་ཉར་བྱས་འདུག་པ་བཅས།

གནས་ཚུལ་མཁོ་གཏོང་བ་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

Share this:
༩༠ ཀློག་གྲངས།