སྐུ་ཕྲེང་༡༣ པ་རྗེས་དྲན་དང་འབྲེལ་བའི་རང་བཙན་ཚོགས་འདུ།

རྒྱལ་དབང་སྐུ་ཕྲེང་༡༣ པས་རང་བཙན་གསལ་བསྒྲགས་གནང་ནས་ལོ་༡༠༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་རང་བཙན་སླར་གསོའི་ཚོགས་འདུ་འཚོག་རྒྱུ་དང་ ། མ་འོངས་པར་བཙན་སླར་གསོའི་ཐོག་སྔར་ལྷག་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བསྒྲགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༨ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ གི་སྟེང་། དྷ་ས་མེག་གྷན་དུ་ཡོད་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་གསལ་འགོད་གསལ་བསྒྲགས་དེ་སྒྲོག་སྦྱང་གནང་དོན།

“ཕྱི་ལོ་༢༠༡༣ ལོར་༧ རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་མཛད་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་གལ་ཆེན་སྲུང་བརྩི་དང་། གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན། བོད་རང་བཙན་སླར་གསོའི་ནུས་ཤུགས་སྔར་ལྷག་ཆིག་སྒྲིལ་དང་མདུན་བསྐྱོད་ཐུབ་སླད། ཕྱི་ལོ་༢༠༡༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༤ པའི་ཐོག རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་རྒྱས་པ་ཞིག་བསྐོང་རྒྱུའི་གྲོས་ཆོད་བཞག་པ་ལྟར། ཚོགས་ཆུང་ཆེད་འཛུགས་ཀྱི་ལམ་ནས་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་རྒྱས་པ་ཞིག་བསྐོང་གཏན་ཁེལ་བ་མ་ཟད། དེའི་སྔོན་འགྲོའི་ཚོགས་འདུ་ཞིག་ས་གནས་ཁག་བགོས་བྱས་ཏེ། ༡། བོད་རང་བཙན་སླར་གསོའི་དགོས་དམིགས་གསལ་སྟོན་དང་། གདེང་སྤོབས་གོང་མཐོར་གཏོང་ཐབས་དང་། བོད་རང་བཙན་སླར་གསོའི་འཆར་གཞི་དང་། ཐབས་ལམ་ཞེས་པའི་བརྗོད་གཞི་ཁག་གཉིས་ཀྱི་ཐོག ཡོ་རོབ་དང་། བྱང་ཨ་རི། ཤར་གླིང་ཨེ་ཤི་ཡ། རྒྱ་གར་བཅས་སུ་བསྐོང་གཏན་ཁེལ་བའི་ཁྲོད། ཡོ་རོབ་ཏུ་བསྐོང་རྒྱུའི་ཚོགས་འདུ་དེ་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ཕྱི་ལོ་༢༠༡༡ ཟླ ༧ ཚེས་༢༤ ནས་ཉིན་གྲངས་གཉིས་ཀྱི་རིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་དང་། ཡོ་རོབ་གཞོན་ནུའི་མཐུན་འགྱུར་ལམ་ནས་བསྡུ་བསྐོངས་ཞུས་ཟིན་ཡོད་”ཅེས་བསྒྲགས་སོང་།

ཡང་ཁོང་གིས་མ་འོངས་པར་བོད་རང་བཙན་སླར་གསོའི་ལས་དོན་བྱེད་ཕྱོགས་སྐོར་སྒྲོག་སྦྱང་གནང་དོན། ༡། “ཤར་གླིང་ཨེ་ཤི་ཡ་ཁུལ་གྱི་རང་བཙན་ཚོགས་འདུ་དེ། ཕྱི་ལོ་༢༠༡༢ ཟླ་༡༡ པའི་ཚེས་༢༧ ནས་ཉིན་གཉིས་ཀྱི་རིང་ཐེ་ཝན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་དང་། ཐེ་ཝན་ས་གནས་གཞོན་ནུའི་མཐུན་འགྱུར་ལམ་ནས་འཚོག་གཏན་ཁེལ་ཡོད།

༢། རྒྱ་བལ་འབྲུག་གསུམ་གྱི་རང་བཙན་ཚོགས་འདུ་དེ། ཕྱི་ལོ་༢༠༡༢ ཟླ ༡༡ ཚེས་ ༢༤ ནས་ཉིན་གཉིས་ཀྱི་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་དང་། ལྡི་ལི་བསམ་ཡས་གླིང་དང་རོ་ཧི་ནིའི་ས་གནས་གཞོན་ནུའི་མཐུན་འགྱུར་ལམ་ནས་འཚོག་གཏན་ཁེལ་ཡོད།

༣།  བྱང་ཨ་རིའི་ཁལ་གྱི་རང་བཙན་ཚོགས་འདུ་དེ། ཕྱི་༢༠༡༢ ཟླ་ ༡༢ པའི་ནང་ཉིན་གཉིས་ཀྱི་རིང་། ནིའུ་ཡོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་དང་། ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་མཐུན་འགྱུར་ལམ་ནས་འཚོག་གཏན་ཁེལ་ཡོད།

༤།  དངོས་གཞིའི་རང་བཙན་ཚོགས་ཆེན་རྒྱས་པ་དེ། ཕྱི་ལོ་༢༠༡༣ ཟླ་ ༢ པའི་ཚེས་ ༡༣ སྟེ། ༧གོང་ས་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་འདིར། བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་དང་། དྷ་སའི་ས་གནས་གཞོན་ནུའི་མཐུན་འགྱུར་ལམ་ནས་འཚོག་གཏན་ཁེལ་ཡོད་པས། གོང་གསལ་ཚོགས་འདུ་ཁག་ཏུ་བོད་རང་བཙན་དོན་གཉེར་ཅན་གྱི་བོད་རིགས་དང་། བོད་དོན་རྒྱབ་སྐྱོར་བ་གང་མང་གིས་ཆ་ཤས་ལེན་གནང་ཡོང་བ་ཞུ་ཡིན་”ཞེས་བསྒྲགས་སོང་ལ།

དེ་བཞིན་ཁོང་གིས་བོད་རང་བཙན་འཐབ་རྩོད་ཀྱི་མཚོན་རྟགས་རི་མོ་འགྲན་བསྡུར་གྱི་ལས་འགུལ་དང་། རང་བཙན་སླར་གསོའི་མནའ་སྐྱེལ་དམ་འཇོག་གི་ལས་འགུལ།   ཡིག་ཆ་དཔར་འགྲེམས་དང་། བགྲོ་གླེང་། རང་བཙན་ཁུངས་སྐྱེལ་དང་འབྲེལ་བའི་འགྲེམས་སྟོན་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་སྒྲོགས་སྦྱང་གནང་དོན། ༥།  “རང་བཙན་འཐབ་རྩོད་ཀྱི་མཚོན་རྟགས་ཤིག་རང་བཙན་འཐབ་རྩོད་བྱེད་མཁན་གྱི་མི་སྒེར་དང་། ཚོགས་སྡེ་ཁག་ཚང་མས་གཅིག་གྱུར་བེད་སྤྱོད་ཡོང་བ་ཞིག་བཟོ་དགོས་པ་ཡོ་རོབ་རང་བཙན་ཚོགས་འདུའི་ཐོག་དགོངས་འཆར་ཐག་ཆོད་བྱུང་བ་བཞིན། རང་བཙན་མཚོན་རྟགས་ཤིག་ཇུས་འགོད་འགྲན་བསྡུར་གྱི་ལམ་ནས་གཏན་འབེབས་ཞུ་རྒྱུ་ལགས་ཤིང་། མཐའ་མའི་ཇུས་འགོད་པ་རྩེ་ཕུད་དེར་ཧིན་སྒོར་ཁྲི་ལྔའི་བྱ་དགའི་ལེགས་སྐྱེས་འབུལ་རྒྱུ་ལགས་ན། མཚོན་རྟགས་དེ་འབྲི་བདེ་ལ། རང་བཙན་འཐའ་རྩོད་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཚོར་ཤུགས་སྤྲད་ཐུབ་ངེས་ཤིག་ཡིན་དགོས་པ་མ་ཟད། ཇུས་འགོད་རི་མོ་དེའི་རྒྱབ་ལྗོངས་འགྲེལ་བཤད་དང་བཅས། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༣༠ གོང་དུ་གཞོན་ལྷན་དབུས་ལ་འབྱོར་དགོས་ཤིང་། ཇུས་འགོད་རི་མོ་དེ་ལོ་རྒྱུས་དང་རི་མོའི་སྒྱུ་རྩལ་བ་ཁག་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་ཀྱིས་འདེམས་རྒྱུ་ཡིན།

༦།  ཕྱི་ལོ་༢༠༡༣ ཟླ་ ༢ ཚེས་ ༡༣ ཉིན་རང་བཙན་སླར་གསོའི་མནའ་སྐྱེལ་དམ་འཇོག་གི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་རྒྱུ།

༧།  ཡིག་ཆ་དཔར་འགྲེམས་དང་། བགྲོ་གླེང་། རང་བཙན་ཁུངས་སྐྱེལ་དང་འབྲེལ་བའི་འགྲེམས་སྟོན་སོགས། ལས་ཁུངས་སྣ་ཚོགས་བརྒྱུད། ཕྱི་ལོ་༢༠༡༣ དེ་རྒྱལ་སྤྱིའི་བོད་རང་བཙན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་”ཞེས་བསྒྲགས་སོང་།

Share this:
༤༨ ཀློག་གྲངས།