རྒྱ་གཞུང་གིས་རྔ་པ་ནས་བོད་མི་འཛིན་བཟུང་།

ཕྱི་ཟླ་༨ ཚེས་༢༨ ཉིན་བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཞང་། ཀ་ཉག་སྡེ་པའི་འཇམ་དབྱངས་མཁྱེན་ཁོ་དང་། ཀིརྟི་དགོན་པའི་གྲྭ་བློ་བཟང་སངས་རྒྱས་གཉིས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

དེ་ཡང་དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཟླ་འདིའི་ཚེས་༡ ཉིན་གནས་ཚུལ་སྤེལ་བ་ལྟར་ན། བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཞང་། ཀ་ཉག་སྡེ་པའི་འཇམ་དབྱངས་མཁྱེན་ཁོ། རང་ལོ་ ༦༠ ཙམ་ཡིན་པ་ཁོང་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། གནས་ཚུལ་འགྲེལ་བརྗོད་གནང་མཁན་གྱིས་བཤད་ན་ཁོང་གིས་བོད་ཕྱི་ལོགས་སུ་འབྲེལ་བ་བྱས་པའི་དོགས་གཞིའི་འོག འཛིན་བཟུང་བྱས་པ་ཡིན་ཚུལ་ཙམ་ལས་གསལ་པོ་ཤེས་རྟོགས་མ་བྱུང་། ཁོང་ལ་ཤུལ་དུ་བཟའ་ཟླ་དང་ཕྲུ་གུ་བུ་གཉིས་དང་བུ་མོ་གཉིས་བཅས་ཡོད་འདུག

དེ་བཞིན་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ཀྱི་མཚན་མོ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སངས་རྒྱས། རང་ལོ་ ༢༢ ཙམ་ཡིན་པ་ཁོང་རང་ཤག་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་འདུག་ལ། ཁོང་ནི་རྔ་པ་རྫོང་གཅའ་ཞང་རྭ་རུ་བ་ནས་ཡིན་ཞིང་། ཕྱི་ཟླ་༨ ཚེས་༢༧ ཉིན་རང་ལུས་མེར་སྲེག་གིས་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་བློ་བཟང་སྐལ་བཟང་ལགས་ཀྱི་གཉེན་ཚན་ཞིག་ཡིན་འདུག

ད་ལྟའི་ཆར་ཁོང་གཉིས་ཀ་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། དེང་སྐབས་རྔ་པ་ཀིརྟི་དགོན་པའི་ཕྱོགས་བཞིའི་སྒོ་ཆེན་ཁག་ཚང་མ་དྲག་ཆས་དམག་དཔུང་གིས་བརྟན་སྲུང་བྱས་ཡོད་པ་མ་ཟད། རྒྱུན་སྡོད་བྱེད་སའི་ཁང་པ་ཚུན་ཆད་བཟོས་ཏེ་དུས་ཡུན་རིང་པོར་སྡོད་རྩིས་བྱེད་བཞིན་ཡོད་འདུག །

Share this:
༥༧ ཀློག་གྲངས།