མོན་གྷོ་ཌི་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།

flame of truth from drepung 2012  8  30རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་དེ་གྷོ་བ་ནས་ཀར་ཝར་བརྒྱུད། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་དུ་འབྱོར་ཏེ། ས་གནས་དེའི་མང་ཚོགས་ཀྱིས་གཞིས་ཆགས་ཁག་དང་དགོན་པ་ཁག་ཏུ་སྐོར་བསྐྱོད་བྱེད་ཀྱི་ཡོད་པ་རེད་འདུག

དེ་ཡང་ཕྱི་ཟླ་༨ ཚེས་༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ ༣༠ ཕྱེད་ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་གྷོ་བ་ནས་ཀར་ཝར་རྫོང་ཐོག་ཏུ་འབྱོར་ཡོད་པ་དང་། དེར་མོན་གྷོ་འདོད་རྒུ་གླིང་གཞིས་སྒར་ནས་ས་འཐུས་ཚོགས་གཙོ་དང་།  ས་གནས་འགོ་འཛིན།  གཞན་ཡང་གྲྭ་ཚང་ཁག་དང་གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་བཅས་ཀྱིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་ཆེད་ཕེབས་ཀྱི་བདེན་པའི་མེ་ལྕེ་རྩིས་ལེན་གནང་ཡོད་པ་མ་ཟད། ཉིན་དེར་ཀར་ཝར་རྫོང་ཐོག་ཏུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་མཉམ་དུ་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།  ལས་འགུལ་ཐོག་ས་འཐུས་ཚོགས་གཙོ་མཆོག་གིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ།  དེ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་རྒྱུའི་བོད་དོན་ཞུ་སྙན་གྱི་ཐོག་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་གསལ་བཤད་གནང་རྗེས།  ཀར་ཝར་རྫོང་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ཨོལ་བེ་ཀར་ཆེད་ཕེབས་གནང་ནས་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གྱི་གསུང་བཤད་གནང་བ་མ་ཟད། བོད་དོན་ཞུ་སྙན་ཐོག་ས་རྟགས་ཀྱང་བསྐྱོན་ཡོད་པ་རེད།  དེ་བཞིན་ཉིན་འདིའི་ཕྱི་དྲོ་ཆུ་ཚོད་༥ པ་ཙམ་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དངོས་སུ་མོན་གྷོ་འདུད་རྒུ་གླིང་ས་གནས་གཞིས་ལས་ཁང་གི་མདུན་ཐང་དུ་འབྱོར་ཡོད་པ་དང་།  སྐབས་དེར་གཞིས་མཉམ་གཉིས་ཀྱི་ལས་བྱེད་ཡོངས་ཀྱི་ལག་ཏུ་ཁ་དར་བཟུང་ནས་དགའ་བསུའི་སྣེ་ལེན་ཟབ་རྒྱས་གནང་སོང་།

flame of truth from m  d  school 2012  8  29ཕྱི་ཚེས་༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ དགུ་པའི་ཐོག་མོན་གྷོ་ས་གནས་གཞིས་ལས་ཁང་ནས་གཞིས་སྤྱིའི་ཚོགས་ཁང་དུ་བདེན་པའི་མེ་ལྕེ་གདན་འདྲེན་ཞུས་ཏེ་གཞུང་འབྲེལ་གྱི་མཛད་སྒོ་འཚོགས་ཡོད་པ་དང་།  མཛད་སྒོའི་ཐོག་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་རྣམ་གཉིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་སྣེ་བ་དང་། མི་མང་ཚང་འཛོམས་ཐོག་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་གཉིས་ཀྱིས་རིམ་པའི་མི་མང་ལ་བདེན་པའི་མེ་ལྕེ་བསྐོར་བསྐྱོད་ཀྱི་ལས་འགུལ་འདི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞུང་འབྲེལ་ཐོག་གོ་སྒྲིག་གི་ལས་འགུལ་གྱི་དམིགས་ཡུལ་བཅས་ཀྱི་སྐོར་ལ་གསལ་བཤད་དང་། ལས་འགུལ་འདིར་བོད་མི་ཡོངས་ཀྱི་ཚོར་བ་ཡོད་པའི་ཐོག་ནས་གདུང་སེམས་མཉམ་བསྐྱེད་བྱེད་དགོས་སྐོར་སོགས་ཀྱི་གཏམ་བཤད་གནང་སོང་།

དེ་རྗེས་མོན་གྷོ་ས་གནས་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གིས་གཏན་ཉིན་སློབ་གྲྭར་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་། སྐབས་དེར་གཏན་སློབ་དགེ་ལས་ཡོངས་ཀྱིས་ཕེབས་བསུ་དང་འབྲེལ་ས་རྟགས་བསྡུ་རུབ་སོགས་ཀྱི་ལས་རིམ་གྲུབ་པ་དང་གཞིས་གྲོང་དང་པོར་སྐོར་བསྐྱོད་བྱས་སོང་། དེའི་ཕྱི་དྲོ་ཆུ་ཚོད་༤  ༣༠ ཕྱེད་ཐོག་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ་དང་།  སྐབས་དེར་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་དགེ་བསྐོས་གཉིས། དེ་བཞིན་ཚོགས་ཆེན་དབུ་མཛད་བཅས་ཀྱིས་གཙོས་གྲྭ་མང་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད།   དགའ་ཤར་མཁན་པོ་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་ལས་འགུལ་ངོ་སྤྲོད་དང་དེའི་དགོས་དམིགས་བཅས་ཀྱི་སྐོར་ལ་གསུང་བཤད་ཀྱང་གནང་སོང་།

དེ་བཞིན་ཕྱི་ཟླ་༨ ཚེས་༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་མོན་གྷོ་ས་གནས་གཞིས་ལས་ཁང་གི་གོ་སྒྲིག་འོག མོན་གྷོ་ས་གནས་རྒྱ་གར་གྲོང་རྡལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་འབྲེལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་།  སྐབས་དེར་ལས་འགུལ་ཐོག་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཊ་ཀ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝེ་སི་ཕེལ་ཌིར་V S Patil མཆོག་དང་། འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝ་མ་ར་ཀར་B. M Raikar རྣམ་གཉིས་གཙོས། འབྲེལ་ཡོད་དཔོན་རིགས་ཁག་གཅིག་ཆེད་ཕེབས་གནང་ནས་བོད་དོན་རྒྱབ་སྐྱོར་ཡོད་སྐོར་དང་ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་།  བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་བཅས་ལ་ང་ཚོའི་ངོས་ནས། གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུང་བཤད་གནང་རྗེས། ཞུ་སྙན་ཐོག་མཚན་རྟགས་ཀྱང་བསྐྱོན་གནང་སོང་།   ལས་འགུལ་ཐོག་མོན་གྷོ་ས་འཐུས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་མཆོག་ནས་བོད་དོན་སྤྱི་དང་བྱེ་བྲག་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་།   ལྷག་པར་དུ་བོད་མིའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འདིའི་དགོས་པ་དང་། དེའི་རྒྱབ་ལྗོངས་བཅས་ཀྱི་སྐོར་ལ་གསལ་བཤད་གནང་རྗེས། མོན་གྷོ་གྲོང་རྡལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་རྒྱ་གར་ཡུལ་མིར་ས་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

ཉིན་དེའི་ཕྱི་དྲོ་གཞིས་གྲོང་བཞི་བ་བརྒྱུད་དཔལ་ལྡན་འབྲས་དཀར་སྤུངས་པའི་བླ་སྤྱིའི་འདུ་ཁང་དུ་བདེན་པའི་མེ་ལྕེ་གདན་ཞུས་ཐོག དགེ་འདུན་པ་ཡོངས་ལ་བདེན་པའི་མེ་ལྕེའི་ལས་འགུལ་ངོ་སྤྲོད་དང་ས་རྟགས་བསྡུ་རུབ་གནང་སོང་ལ།  སྐབས་དེར་འབྲས་སྤུངས་ཁྲི་བ་དང་སྒོ་མང་གྲྭ་ཚང་། བློ་གསལ་གླིང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་ལས་འགུལ་ཐོག་ཆེད་ཕེབས་གནང་ནས་ཞུ་སྙན་ཐོག་མཚན་རྟགས་བསྐྱོན་པ་མ་ཟད། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཐུགས་སྨོན་སྐྱབས་འཇུག་དང་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་བཅས་ཀྱི་ལས་རིམ་མཇུག་བསྡུས་ཡོད་པ་རེད།

ཕྱི་ཚེས་༣༡ དང་ཕྱི་ཟླ་༩ པའི་ཚེས་༡ བཅས་སུ་མོན་གྷོ་ས་གནས་གཞིས་གྲོང་ཁག་ཏུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་མི་མང་ལ་ལས་འགུལ་ངོ་སྤྲོད་དང་ས་རྟགས་བསྡུ་རུབ་སོགས་ཀྱང་གནང་ཡོད་པ་རེད།   དེ་བཞིན་ཟླ་འདིའི་ཚེས་༣ ཉིན་མོན་གྷོ་འདོད་རྒུ་གླིང་ས་གནས་གཞོན་ལྷན་དང་བུད་མེད་ཚོགས་པ་གཉིས་ཀྱིས་འགན་ཁུར་ཐོག རྒྱ་གར་གྱི་གྱོང་ཁྱེར་ཧོབ་ལིར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་རྒྱུ་དང་། དེ་ནས་ཕྱི་ཚེས་༨ བར་རིམ་པས་ས་གནས་འདི་གའི་ཁྱབ་ཁོངས་དྷ་ཝར་དང་། ཧོབ་ལི་སོགས་རྒྱ་གར་གྱི་གྲོང་དང་གྲོང་ཁྱེར་ཁག་ཏུ་ཡོད་པའི་བོད་མིའི་སུད་ཚོང་ཚོགས་པ་ཁག་ལ། རིམ་པའི་རྩིས་སྤྲོད་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་རྒྱ་གར་ཡུལ་མུར་ས་རྟགས་བསྡུ་རུབ་བཅས་ཀྱི་ལས་འགུལ་སྤེལ་འཆར་ཡོད་འདུག

མོན་གྷོ་གསར་འགོད་པས།

Share this:
༨༠ ཀློག་གྲངས།