སྙན་ངག་པ་ཡིད་དམ་ཚེ་རིང་གི་རྩོམ་ཐབས་ལ་ལྤྱད་པ།

ཡིད་ཟབ།
____________ རང་ཉིད་ཀྱི་རང་ཉིད་ངོ་ཤེས་དགོས་པ།   
དབང་ཐང་དར་བའི་སྣང་བ་མཐོན་པོ་མགོ་འཕངས་དགུང་སྔོན་མ་སྟེག་ཤིག།།
སྐར་ཚོགས་ཁྲ་མོ་མགུལ་དུ་རྒྱན་འདྲའི་ཁེངས་དྲེགས་རློམ་སེམས་མ་ཕྱུར་ཀྱེ།།
ཡང་ན་ཉམས་རྒུད་དམན་ལ་ལྷུང་དུས་མགོ་བོ་ས་རུ་མ་སྒུར་གྱིས།།
ཤ་དང་རུས་པའི་སྒེར་གཟུགས་ལྷུ་ལག་རྐང་གཉིས་ལྡིང་འཇོག་དམ་དུ་བསྒྲིམ།།
རྒྱལ་ཁམ་རི་མོ་ཇི་ལྟར་གྲུབ་ཡོད་རི་མོའི་འགྲོ་ལུགས་དེ་ལྟར་སྒོམ།།
མི་ཡི་འགྱུར་འགྲོས་ཀུན་རྟོགས་འཁྲུལ་སྣང་རང་སེམས་གསོན་པོ་མངོན་ཡོང་ངོ།།
མཁའ་ཡི་ཉི་ཟླ་ཆེ་ཆུང་མེད་ཀྱང་ས་གཞིའི་རང་མདངས་སྣ་ཚོགས་ཡིན།།

ངར་ཤུགས།
___________མི་རིགས་ཞིག་གི་ནུས་སྟོབས།       (བཞི་པ)
ཁ་བ་གངས་ཀྱི་སེང་གེ་དཀར་མོའི་སྡེར་ཆགས་བགྲད་པའི་ཁྲོ་གཉེར་ཟིངས།།
ནག་མའི་ཚལ་གྱི་རི་ཚོགས་འཁྲོད་ན་རྒྱ་སྟག་ངར་བའི་སྒྲ་ཆེན་གྲགས།།
གཙང་ཆུ་བཞུར་བའི་མཚོ་ཆེན་དག་ན་གཡུ་འབྲུག་ལང་བའི་དྲགས་ཆ་ལྡིར།།
རྨད་བྱུང་མཚོ་དང་གངས་དཀར་རི་བོ་མི་ནུབ་སྲིད་མཐའ་རྟག་བརྟན་པར།།
རྒྱུན་ཆད་མེད་པའི་ཆུ་བོ་དག་གིས་ལེ་བར་ཁྲི་ཡི་རྒྱ་མཚོ་འགྲན།།
ཡར་ཀླུང་མཁར་གྱི་བཙན་རྫོང་བརྟག་ན་བྱེ་མའི་ཐང་ཆེན་བཅོ་བརྒྱད་གྱུར།།
དམར་ཡག་སྟག་གི་ངར་ཤུགས་མེ་རུ་མུན་པའི་ཡུལ་གྱི་རྔ་ཆེན་ཡིན།།
ཕ་སྐད།
________སྐད་ཡིག་ལ་སྲུངས་སྐྱོབ།      (ལྔ་པ)
སྐྱེས་པའི་ཕ་ས་མཛེས་པའི་རི་གྲོང་རྨད་བྱུང་བོད་ཀྱི་བྱང་ཐང་ཡིན།།
ཐོག་མའི་ཤེས་རིག་ཕ་སྐད་སྙན་མོ་ཐོན་མིས་ཀ་མད་སུམ་ཅུ་ལགས།།
ང་གཉིས་ཚིག་གི་གླེང་མོལ་བར་ན་མི་རིགས་ཞིག་གི་ཚེ་སྲོགས་ཡོད།།
ས་མཐར་བསྐོར་བའི་འགྲོན་བུ་ཡིན་ཡང་ཕ་སྐད་གཙང་མའི་རྣམ་ཤེས་དགོས།།
རང་རིགས་འཛིན་པའི་ལ་རྒྱ་དགོས་ཀྱིས་ལ་ཁའི་དར་ལྕོག་བྱེད་མི་རུང།།
ང་ཚོའི་རིག་གནས་འོད་སྟོང་འཕྲོ་བའི་མེ་པོའི་རྗེས་ཤུལ་སྙེགས་འདོད་ན།།
དཀའ་སྤྱད་ཁྲི་ཡི་མཚར་སྡུག་བསྐྲུན་ནས་འཇིག་རྟེན་ཀུན་གྱི་གཟིགས་མོར་ངོམས།།
ས་རཱ་མཐོ་སློབ།
_________མཐོག་མར་སློབ་འཇུག་བྱེད་དུས།     
མ་ཡུམ་འདི་ཡི་པང་ལ་འབྱོར་དུས་འཁྱར་འཁྱོར་གོམ་ཁའི་ལམ་སྣེ་ཟིན་མི་ཐུབ།།
རྒན་གྱིས་གློག་སྒྲོན་འཛུམ་སྟོན་འཁྲོད་ནས་དཀའ་ཐུབ་བློ་སེམས་བརྟན་ནས་འགྲོ་དགོས་གསུངས།།
བདག་གི་རྣོ་ངར་ཤུགས་ཀྱིས་སྒྲིམ་ནས་འགན་ལྗིད་ཕྲག་པར་སྟེགས་ནས་གོམ་གང་ཕྱིན།།
དགེ་སྦྱོང་ཞིག་གིས་ཚེ་སྲོག་བཏང་བའི་ཕུལ་བྱུང་ཤེས་རིག་སྟོང་གི་འོད་མདངས་འཕྲོད།།
གདུང་འདེགས་གནམ་གྱི་ཀ་བའདྲ་བའི་ལྔ་རིགས་ལྷ་གནས་དང་པོ་ཁྱེད་ཉིད་ལགས།།
མི་རིགས་ཞིག་གི་དར་རྒུད་བར་ན་རླབས་ཆེན་མཐོ་སླབ་འདི་ཡི་གཟིགས་བརྗེད་བཙན།།
Share this:
༤༠༩ ཀློག་གྲངས།