རྒྱལ་སྤྱིའི་གར་སོང་ཆ་མེད་ཉིན་གྱི་བོད་དོན་ལས་འགུལ།

ཟླ་འདིའི་ཚེས་༡ ཉིན་ལྡི་ལི་གཙུག་ལག་སློབ་གྲྭ་སློབ་གྲྭ་ཆེན་མོའི་ནང་གོ་སྒྲིག་བྱས་པའི་“རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་”ཞེས་པའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཁྲོད་དུ་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པ་མཉམ་ཞུགས་བྱས་ཏེ། བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

“རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་”ཞེས་པའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དེར་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་སློབ་མ་མང་པོ་ཡོད་པ་དང་། ཁོང་ཚོས་སོ་སོའི་རྒྱལ་ཁབ་དང་སྤྱི་ཚོགས་ནང་སྲིད་གཞུང་གང་རུང་གིས་ཉེས་མེད་ཀྱི་མི་མང་པོ་ཞིག་ལ་མ་ཉེས་ཁ་གཡོགས་བྱས་ནས་བཙོན་འཇུག་བྱས་པ་དང་ཁོང་ཚོའི་གནས་སྟངས་ག་འདྲ་ཡོད་པ། ས་གནས་གང་དུ་ཡོད་མེད་སོགས་གསལ་ཁ་གང་ཡང་མེད་ཚུལ་སོགས་གཏམ་བཤད་དང་བརྙན་པར་གྱི་ལམ་ནས་འགྲེལ་བརྗོད་བྱས་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་མཛད་སྒོ་དེའི་སྐབས་སུ་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་སྐོར་ལ་གཏམ་བཤད་བྱས་པ་དང་པར་རིས་འགྲེམས་སྟོན།  ད་དུང་དྲི་བ་དྲིས་ལན་གྱི་ཚུལ་དུ་སློབ་མ་ནང་ཁུལ་དབར་ལ་བསམ་ཚུལ་བརྗེ་ལེན་བྱས་ནས་དེར་འདུས་ཀྱི་སློབ་ཕྲུག་ཚོར་བོད་ཀྱི་ཆབ་སྲིད་ཀྱི་གནས་བབས་སྤྱི་དང་།  ད་ལྟའི་བོད་ནང་གི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལས་གཞི་དེའི་ཁྲོད་དུ་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བཀག་ཉར་དང་ཉེས་མེད་བཙོན་འཇུག་བྱས་ཡོད་པ་རེད།

དེ་བཞིན་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་ད་ལྟའི་དུས་སྐབས་འདིར། ཉིན་མ་རེ་རེར་བོད་མི་མང་པོ་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་འགྲོ་བཞིན་ཡོད་ལ།  ཁོང་ཚོའི་ད་ལྟའི་འཚོ་བའི་གནས་སྟངས་དང་འཕྲོད་བསྟེན་གྱི་གནས་སྟངས་ག་འདྲ་ཡོད་མེད་སུ་གཅིག་གིས་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་དང་།  དུས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཉིན་རེའི་བྱ་བཞག་ཡོད་ཚད་ལ་སྟངས་འཛིན་ནན་མོ་བྱས་ནས་འགྲོ་བ་མིའི་གཞི་རྩའི་རང་དབང་ཡོད་ཚད་བཙན་འཕྲོག་བྱས་པའི་ཆེས་གདུག་རྩུབ་ཅན་གྱི་སྲིད་ཇུས་དེའི་འོག ཕྱི་ལོ་༢༠༠༩ ནས་ཉམ་ཆུང་བོད་མི་༥༡ ལྷག་གིས་རང་ལུས་མེར་སྲེག་བཏང་ནས་ཚད་གཞི་མཐོ་ཤོས་ཀྱི་འཚེ་མེད་ཞི་བའི་བཙན་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཚུལ་དང་།  ལྷག་པར་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་ལྟ་བུར་ཆ་མཚོན་ན་༡༩༩༥ ལོར་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་པ་ནས་བཟུང་ང་ཚོས་ཁོང་སྐུ་འཚོ་བཞུགས་ཡོད་མེད་ཀྱང་ཧ་གོ་ཡི་མེད་ཚུལ་སྐོར་གྱི་གནས་ཚུལ་གསལ་བརྗོད་བྱེད་དུས་མི་མང་པོ་ཞིག་སེམས་འགུལ་ཐེབས་ཐུབ་པ་བྱུང་ཡོད་པ་རེད།  ད་དུང་ལས་འགུལ་གྱི་མཇུག་ཏུ་ང་ཚོས་བོད་ནང་གི་ཆབ་སྲིད་བཙོན་པ་སྤྱི་དང་ལྷག་པར་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་།  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ།  རུང་རྒྱས་ཨ་གྲགས་དང་ནོར་འཛིན་དབང་མོ་སོགས་ཀློད་གྲོལ་ཡོང་བར་མཚན་རྟགས་བསྡུ་རུབ་ཀྱང་བྱས་ཡོད་པ་རེད།།

Share this:
༢༣༦ ཀློག་གྲངས།