ཟིལ་དཀར་དགོན་པའི་དགེ་འདུན་པ་ལྔ་རྒྱ་གཞུང་གིས་འཛིན་བཟུང་།

zelkar1ཟླ་འདིའི་ཚེས་༡ ཉིན་གྱི་ཞོགས་པ་ཁམས་ཁྲི་འདུ་རྫོང་། ཟིལ་དཀར་དགོན་པའི་དགེ་འདུན་པ་ལྔ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་ཤེས་རྟོགས་མེད་པ་རེད།

དེ་ཡང་འབྲེལ་ཡོད་ཀྱིས་འདིར་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་༩ ཚེས་༡ ཉིན།ཁྲི་འདུ་རྫོང་དང་སྒ་སྟོད་ཡུལ་ཚོའི་འགོ་ཁྲིད་ཁག་ཅིག་གིས་ཉ་འཚོ་ཟིལ་དཀར་དགོན་པའི་གཞུང་ལས་ཁང་དུ་ཁ་པར་བརྒྱུད། ༢༠༠༩ ལོར་ས་ཡོམ་རོགས་སྐྱོར་གྱི་ཁང་པ་དེ་དག་རྩིས་ལེན་བྱེད་དུ་ཡོང་གི་ཡིན་ཞེས་བརྗོད་ཡོད་པ་དང་། དེའི་རྗེས་གློག་དང་བརྡ་རྟགས་ཚང་མ་བཀག་སྟེ།

zelkar1

ཞོགས་པའི་ཆུ་ཚོད་བཅུ་པ་ཙམ་ལ་གློ་བུར་དུ་བསམ་ཡུལ་ལས་འདས་པའི་རྒྱ་དམག་འབོར་ཆེན་ཞིག་འབྱོར་ཏེ།  ཁྲི་འདུ་རྫོང་ཁོངས་རྒྱ་ཆེན་སྡེ་པ་ནས་ཡིན་པའི་གྲྭ་བསོད་ནམས་ཤེས་རབ། (རང་ལོ་༤༥ དང་།  ཕ་མིང་ལ་བརྩོན་འགྲུས་དོན་ལྡན།) གེ་ཤིང་སྡེ་པ་ནས་ཡིན་པའི་གྲྭ་བློ་བཟང་སྦྱིན་པ།  (རང་ལོ་༣༠ དང་། ཕ་མིང་རྟ་རྒྱལ་དང་མ་མིང་པདྨ་མཚོ་མོ།)མཁར་རོང་སྡེ་པ་ནས་ཡིན་པའི་གྲྭ་ཚུལ་ཁྲིམས་སྐལ་བཟང་(རང་ལོ་༢༥དང། ཕ་མིང་ཨ་ཐུབ་དང་མ་མིང་སྒྲོལ་དཀར།) གེ་ཤིང་སྡེ་པ་ནས་ཡིན་པའི་གྲྭ་ངག་དབང་སྨོན་ལམ།  (རང་ལོ་༣༠དང། ཕ་མིང་བསམ་ཡག་དང་མ་མིང་ཚེ་དབང་པདྨ།)  རྒྱ་ཆེན་སྡེ་པ་ནས་ཡིན་པའི་གྲྭ་བསོད་ནམས་དབྱིག་གཉེན།  (རང་ལོ་༤༤ དང་།  ཕ་མིང་བརྩོན་འགྲུས་བློ་ལྡན་དང་མ་མིང་དབང་མོ་སྒྲོལ་མ།) ཁོང་རྣམས་འཇུ་བཟུང་བྱས་པ་མ་ཟད། ཁོང་རྣམས་ཀྱི་ཤག་ཏུ་སྔོག་བཤེར་བཏང་སྟེ། གློག་ཀླད་དང་འོད་སྡེར་སོགས་ཕྲོགས་ཏེ་བཙན་ཁྲིད་བྱེད་སྐབས།  དགོན་པའི་དགེ་འདུན་པ་གཞན་རྣམས་ཀྱིས་རྒྱ་དམག་དེ་དག་ལ་ཁོང་རྣམས་གློད་གྲོལ་དགོས།  ཞེས་བརྗོད་ནས་རྗེས་འདེད་བཏང་ཡང་ཉན་འཇོག་མ་བྱས་པར་དེ་ལས་ལྡོག་སྟེ།  དགེ་འདུན་པ་དེ་དག་ལ་ཡང་ཉེས་རྡུང་ཚད་མེད་བཏང་འདུག དེའི་རྗེས་སུ་འཇུ་བཟུང་བྱས་པའི་དགེ་འདུན་པ་དེ་དག་གི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ལ། ཟིལ་དཀར་དགོན་པ་ད་ལྟ་ཛ་དྲག་གི་གནས་སྟངས་འོག་ལྷུང་འདུག

zilkar monasteryཟིལ་དཀར་དགོན་བཤད་སྒྲུབ་དར་རྒྱས་གླིང་ནི། དེང་སང་རྒྱ་གཞུང་གིས་དབྱེ་བའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ས་ཁོངས་གཏོགས་པའི་རྫ་སྟོད་ཡུལ་ཚོ་ནས་བརྩིས་པའི་སྤྱི་ལེ༡༣ཙམ་གྱི་ས་ཚུགས་སུ་ཡོད་པའི་སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན་དུ། མདོ་ལེའུ་མང་དུ་གསུངས་པའི་སྒ་ཡུལ་སྒྱོགས་ཆེན་གདོང་རའི་ཉེ་འགྲམ་དུ།  ཕྱི་ལོ་༨༦༠  ཡས་མས་ཙམ་ལ།  ཆོས་རྗེ་རྣམ་རྒྱལ་གྲགས་པས་ཕྱག་བཏབ་ཅིང།  དགོན་འདི་དང་པོ་བཀའ་བརྒྱུད་པའི་ཆོས་བརྒྱུད་ཞིག་ཡིན་པ་ལ། ཕྱིས་སུ་རྗེ་ཙོང་པའི་དངོས་སློབ་དགོན་པ་འདི་ཉིད་ཀྱི་བླ་མ་དར་ཆེན་དྲུག་གི་ནང་ཚན་མཁན་ཆེན་ཡོན་ཏན་དཔལ་བས་དགེ་ལུགས་སུ་བསྒྱུར་བ་ནས་བཟུང་སྟེ།   ཞྭ་སེར་བསྟན་པའི་རང་ལུགས་མི་ཉམས་དར་སྤེལ་གནང་སྟེ། དགེ་འདུན་པ་སྟོང་ཕྲག་ལས་བརྒལ་བ་ཡོད་པའི་དགེ་ལྡན་པའི་དགོན་ཆེན་ཞིག་ཡིན་ཀྱང་།  ད་ལྟ་ལྔ་བརྒྱ་ལྷག་ལས་མེད།  དགོན་འདིར་ཆོས་རྒྱལ་ཁྲི་རལ་པ་ཅན་དངོས་སུ་ཕེབས་པའི་ཁྲི་དང་།  རིང་མོ་ཞིག་ནས་རྒྱ་ནག་གིས་བཙུགས་པའི་རྡོ་རིང་ཡོད། ཡང་རྒྱལ་བ་བསོད་ནམས་རྒྱལ་མཚོས་དངོས་སུ་ཞབས་བཅག་པའི་ལོ་རྒྱུས་ཁོང་གི་འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་རུ་གསལ།  ད་དུང་རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་གནང་བའི་དགེ་འདུན་པའི་བཅའ་ཡིག་དང་། ཁོང་གིས་གནང་པའི་ཐམ་ག་བཅས་ཡོད།དགོན་པ་འདིར་བསྟན་པ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་།ད་ཆར་དགོན་འདིའི་ཁྲི་པ་ལས་ཐོག་པ་ཟིལ་དཀར་རིན་པོ་ཆེ་བསྟན་འཛིན་ཕྱོགས་གླང་མཆོག་དང་བླ་སྐུ་སྐལ་བཟང་ཡེ་ཤེས་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས། གཞུང་ཆེན་བཀའ་པོད་ལྔར་བཤད་སྒྲུབ་འཆད་ཉན་དང་ཐོས་བསམ་སྒོམ་སྒྲུབ་སོགས་ཉིན་བཞིན་ཇེ་དར་དུ་འགྲོ་བཞིན་པར་མ་ཟད་དགེ་འདུན་པ་རྣམས་ཀྱིས་རེས་མོས་བཞིན་དུ།  མི་མང་ཁྲི་ཚོ་བརྒལ་བ་ལ་ནང་ཆོས་ངོ་སྤྲོད་དང་།བོད་མི་ཚོའི་རང་གི་སྐད་ཡིག་དང་རང་གི་མི་རིགས་ཀྱི་གོམས་གཤིས་སོགས་ཇི་ལྟར་བདག་པོ་རྒྱག་དགོས་པའི་སྐོར་སློབ་གསོ་ཡང་ཡང་མཛད་པར་མ་ཟད།  སློབ་ཕྲུག་སྟོང་ཚོ་དུ་མར་རིག་གནས་ཀྱི་འཆད་ཁྲིད་གནང་གི་ཡོད།

zelkar2

tsetam_kalsang

ngawang_munlam

sonam_yuknyin

lobsang_jinpa

sonam_sherab1

Share this:
༡༢༣ ཀློག་གྲངས།