རྒྱལ་སྤྱིའི་ཆོས་ལུགས་དང་གུ་ཡངས་ཞེས་པའི་བགྲོ་གླེང་སྐོར།

yishi_gawaདགེ་བཤེས་ཡེ་ཤེས་དགའ་བ་ནི་བོད་ཤར་ཕྱོགས་ཁམས་འབའ་ཐང་ནས་ཡིན་པ་དང༌། ལོ་ངོ་བརྒྱད་ལ་སོན་སྐབས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་སྟེ་འབྲས་སྤུངས་བློ་གསལ་གླིང་ལ་ལོ་བཅུ་གཉིས་དང༌། སཱ་ར་མཐོ་སློབ་དང་དབུས་རིགས་ལམ་སློབ་གཉེར་ཁང་དུ་ལོ་བཅུ་རིང་སློབ་གཉེར་གནང༌།

ད་ལྟ་དྷ་ས་ས་གནས་འཐུས་ཚོགས་ཀྱི་འཐུས་མི་དང་ྋགོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་དང་ཡིག་བསྒྱུར་གྱི་ཕྱག་ལས་གནང་བཞིན་ཡོད་པ་རེད།

དྲི་བ། འདི་ལོའི་ཕྱི་ཟླ་༧ ཚེས་༡༦ ནས་༢༦ བར་ཡུ་རོབ་འཇར་མན་དུ་རྒྱལ་སྤྱིའི་ཆོས་ལུགས་དང་གུ་ཡངས་ཞེས་པའི་ཚོགས་འདུར་སྐུ་ཉིད་ཞུགས་ཡོད་པས། དེའི་སྐོར་ངོ་སྤྲོད་མདོར་བསྡུས་གནང་རོགས།
ལན། ང་རང་བགྲོ་གླེང་ཚོགས་འདུར་བསྐྱོད་ས་ནི་འཇར་མན་དུ་རྟེན་གཞི་བྱས་པའི་ཕེ་རི་ཌེག་ནོའོ་མན་ཐེབས་རྩ་ཁང་གི་རྒྱལ་སྤྱིའི་དབུ་ཁྲིད་སྦྱོང་བརྡར་ལྟེ་གནས་ཁང་རེད། ཕེ་རེ་ཌིག་ནོའོ་མན་ཐེབས་རྩ་ཁང་༡༩༥༠ ལོར་གསར་འཛུགས་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་རེད་ལ། དེའི་ཡན་ལག་རྒྱལ་ཁབ་མང་པོའི་ནང་ཡོད་འདུག ལོ་ལྟར་ཚོགས་པ་དེས་བརྗོད་བྱ་འདྲ་མིན་ཐོག་བགྲོ་གླེང་ཚོགས་འདུ་འཚོག་གི་ཡོད་པ་རེད།

དྲི་བ། ཚོགས་འདུའི་བརྗོད་གཞི་གཙོ་བོ་གང་དག་རེད།
ལན། སྤྱིར་བཏང་བརྗོད་གཞི་གཙོ་བོ་ནི་གུ་ཡངས་དང་ཆོས་ལུགས་ཞེས་པ་དེ་རེད། ཡིན་ནའང་ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་བའི་ཚོགས་ཐེངས་ཆུང་ཆུང་རྣམས་མ་བརྩིས་པའི་གཙོ་བོ་ཉིན་དྲུག་རིང་ཚོགས་ཐེངས་རེ་རེའི་ནང་བརྗོད་གཞི་མི་འདྲ་བ་རེ་རེ་འདུག གཙོ་བོ།  ༡ དེང་དུས་འཛམ་གླིང་ནང་དཀའ་ངལ་སྣེ་མང་ལ་ཆོས་ལུགས་ཐོག་ནས་གདོང་ལེན་བྱེད་ཕྱོགས། ༢ གུ་ཡངས་རིང་ལུགས་པས་ཆོས་ལུགས་ལ་ལྟ་ཚུལ། ༣ ཆོས་ལུགས་དང༌། ཁྲིམས་ཀྱི་དབང་བསྒྱུར། ཆོས་དད་རང་དབང༌། ༤ ཆོས་ལུགས་རིས་མེད་ཀྱི་གོ་དོན་དང་དེའི་དགེ་མཚན། ༥ ཆོས་ལུགས་དང་འཇར་མན་གྱི་གནས་སྟངས། ༦ རྒྱ་ནག་དང༌། རྒྱལ་ཁབ་ཀྱིས་དམ་དྲག་བྱས་པའི་ཆོས་ལུགས། ༧ འཛམ་གླིང་ནང་ཆོས་ཁས་ལེན་མཁན་དང་མི་ལེན་མཁན། ཆོས་ལུགས་འདྲ་མིན་དང༌། ལམ་སྲོལ་འདྲ་མིན། ལྟ་བ་འདྲ་མིན་ཡོད་པ་རྣམས་ཞི་བདེར་མཉམ་གནས་ཐུབ་ཐབས་ཇི་ཡོད་སྐོར་སོགས་རེད།

དྲི་བ། བགྲོ་གླེང་ཚོགས་འདུ་དེར་ཚོགས་ཞུགས་པ་ག་ཚོད་ཡོད།
yishi_gawa1ལན། རྒྱལ་ཁབ་ཉི་ཤུ་ཙམ་ནས་ཕེབས་པའི་ཚོགས་ཞུགས་མི་སྣ་འདུག དེའི་ནང་ནས་མང་ཆེ་བ་ཨེ་ཤི་ཡ་དང་དཀྱིལ་ཤར་ཡུལ་གྲུ་ནས་རེད། ལྷག་པར་དུ་ཆོས་ལུགས་འདྲ་མིན་ཡོད་སའི་རྒྱལ་ཁབ་ནས་ཡོང་བའི་ཚོགས་མི་མང་པོ་འདུག དེའི་ནང་ནས་ཀྱང་ཆོས་ལུགས་ཐོག་དམ་དྲག་ཡོད་སའི་རྒྱལ་ཁབ་དང༌། ཆོས་ལུགས་འདྲ་མིན་ཉམས་ལེན་བྱེད་ཆོག་པའི་རྒྱལ་ཁབ་བཅས་ནས་ཡོང་མཁན་མང་པོ་འདུག ཚོགས་ཞུགས་མི་སྣ་རྣམས་ཐོག་མར་ལྷན་འཛོམས་སྐབས་པེ་ཅིན་ནས་ཐད་ཀར་ཡོང་བའི་རྒྱ་མི་ཞིག་ཡོད་པ་དངོས་སུ་མཐོང་ཐོས་བྱུང༌། ཁོང་གིས་རྒྱ་ནག་ནང་གནས་ཚུལ་མི་བདེ་བ་གང་ཡང་མེད་ཀྱི་རེད་བསམ་ནས། ངས་ཀྱང་དེ་ལུགས་ལན་འདེབས་དགོས་བསམ་ཡང། བགྲོ་གླེང་ཚོགས་འདུ་དངོས་གཞིའི་སྐབས་ངས་ཚོད་དཔག་བྱས་པ་ལས་ལྡོག་སྟེ་ཁོང་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་དཀའ་ངལ་ཡོད་ཚུལ་དང༌། ལྷག་པར་དུ་རྒྱ་ནག་ནང་དེང་སང་འཛམ་གླིང་གིས་བེད་སྤྱོད་བྱེད་བཞིན་པའི་ངོ་དེབ་དང་གྷོའུ་གྷལ་སོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཅིག་བཀག་བསྡོམས་བྱེད་ཀྱི་ཡོད་ཚུལ་སྐོར་བཤད་ཀྱི་འདུག་པས། ངས་ཁོང་དང་ཁ་གཏད་དུ་ལངས་ཏེ་གསལ་བཤད་གང་ཡང་བྱེད་དགོས་མ་སོང་།

དྲི་བ། བགྲོ་གླེང་ཚོགས་འདུའི་ནང་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་ཡོད་དམ།
ལན། བོད་དོན་དང་འབྲེལ་བའི་བརྗོད་གཞི་དཔེར་ན། ཆོས་ལུགས་དང༌། ཁྲིམས་ཀྱི་དབང་བསྒྱུར། ཆོས་དད་རང་དབང༌། དེ་བཞིན་རྒྱ་ནག་དང༌། རྒྱལ་ཁབ་ཀྱིས་དམ་དྲག་བྱས་པའི་ཆོས་ལུགས། ཞེས་པ་སོགས་བརྗོད་གཞི་ཁག་ཅིག་འདུག  དེ་བཞིན་རང་ངོས་ནས་ཀྱང་ད་ལན་རྒྱ་ནག་གཙོས་པའི་རྒྱལ་ཁབ་མང་པོ་ནས་ཕེབས་པའི་ཚོགས་མི་ཡོད་སྟབས། གོ་སྐབས་ནམ་བྱུང་ལ་བོད་དོན་སྐོར་འགྲེལ་བརྗོད་བྱེད་རྒྱུ་བྱུང༌། དཔེར་ན། ཐོག་མར་ཚོགས་མི་རྣམས་ཚང་འཛོམས་སྐབས་གཙོ་སྐྱོང་བས་ང་ལ་ཕྱག་མཛུབ་ཀྱིས་སོ་སོའི་སྐོར་ངོ་སྤྲོད་འགོ་འཛུགས་བྱེད་དགོས་ཞེས་བཀའ་གནང་བར་གུས་ནས་ཁོང་རྣམས་ལ་འཚམས་འདྲི་ཞུས་པ་དང་སྦྲགས་སོ་སོའི་མིང་དང་རྒྱ་གར་ནས་ཡོང་ཚུལ་ཙམ་ལས་བཤད་མེད། འོན་ཀྱང་དེ་རྗེས་ཚོགས་མི་འགའ་ཤས་ཀྱིས་སོ་སོའི་ལོ་རྒྱུས་དང་འབྲེལ་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་སྟངས་ཀྱང་འགྲེལ་བརྗོད་བྱས་སོང་བས། མཇུག་མཐར་ངས་ལག་པ་བསྐྱངས་ཏེ་རང་ཉིད་ཀྱི་ལས་གནས་ངོ་སྤྲོད་དང་ཆུང་དུས་བོད་ནས་བྲོས་བྱོལ་དུ་ཡོང་ཚུལ་སྙིང་བསྡུས་ཤིག་དང་འབྲེལ་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྟངས། བཙན་བྱོལ་བོད་མིའི་སྐྱབས་བཅོལ་གྱི་གནས་བབས། ྋགོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱེད་སྟངས་དང་དེའི་དགོས་དམིགས། ད་ལྟའི་བཙན་བྱོལ་གཞུང་གི་གནས་བབས་སོགས་ཀྱི་སྐོར་གང་ཤེས་འགྲེལ་བརྗོད་ཞུ་རྒྱུ་བྱུང་བ་དང༌། བགྲོ་གླེང་ཚོགས་འདུའི་ཉིན་དང་པོ་དང་གཉིས་པའི་སྐབས་ངེད་ཀྱི་མདུན་དེར་རྒྱ་གར་གྱི་རྒྱལ་དར་བཙུགས་འདུག་ཀྱང་ཉིན་གསུམ་པའི་སྐབས་རྒྱ་གར་གྱི་རྒྱལ་དར་ཕྱིར་བསྡུ་བྱས་ཏེ་དེའི་ཚབ་ཏུ་བོད་ཀྱི་རྒྱལ་དར་བཙུགས་འདུག་པས། ང་རང་ཡང་དགའ་ཚོར་བརྗོད་མི་ཤེས་པ་ཞིག་བྱུང༌།

དྲི་བ། བརྗོད་གཞི་དང་འབྲེལ་ནས་བོད་དོན་སྐོར་གཏམ་བཤད་འདྲ་བྱེད་རྒྱུ་བྱུང་ཡོད་དམ།
ལན།  བརྗོད་གཞི་རྒྱ་ནག་དང༌། རྒྱལ་ཁབ་ཀྱིས་དམ་དྲག་བྱས་པའི་ཆོས་ལུགས་སྐོར་བགྲོ་གླེང་བྱེད་སྐབས་གུས་ནས་རྒྱ་གཞུང་གིས་བོད་ནང་ལ་གྲྭ་བཙུན་ཚད་བཀག་བཟོས་པ་དང༌། ྋགོང་ས་མཆོག་གི་སྐུ་པར་བོད་མི་རྣམས་ཀྱིས་ཉར་འཇོག་མི་ཆོག་པའི་དམ་དྲག་བྱེད་ཚུལ། ྋགོང་ས་མཆོག་གིས་ངོས་འཛིན་ཞུས་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་ལྟའི་གནས་སྐབས་ལ་གར་སོང་ཆ་མེད་དུ་གྱུར་ཡོད་ཚུལ། ཆོས་མེད་གུང་ཁྲན་ཏང་གིས་ཆོས་ལུགས་ཐོག་གལ་ཆེའི་རང་བཞིན་ཅན་གྱི་ཡང་སྲིད་ངོས་འཛིན་བྱེད་སྲོལ་གྱི་ལམ་ལུགས་ལ་ཆེད་མངགས་ཐེ་བྱུས་བྱེད་ཀྱི་ཡོད་ཚུལ་སོགས་བོད་ནང་ཆོས་དད་རང་དབང་ལ་དཀའ་ངལ་ཡོད་ཚུལ་འགྲེལ་བརྗོད་ཞུས། དེ་བཞིན་ཕྱི་ཟླ་༧ ཚེས་༡༧ ཉིན་ཨ་མདོ་རྔ་པ་ནས་དགེ་འདུན་པ་བློ་བཟང་བློ་འཛིན་གྱིས་རང་སྲེག་ལས་འགུལ་སྤེལ་བའི་གནས་ཚུལ་བྱུང་བ་ཚེས་༡༩ ཉིན་སྔ་དྲོའི་ཚོགས་ཐོག་ཏུ་ཆོས་དད་རང་དབང་གི་བརྗོད་གཞི་དང་འབྲེལ་ནས་གནས་ཚུལ་དེ་དཔེ་མཚོན་བཀོད་དེ་འགྲེལ་བརྗོད་གང་ནུས་ཞུས་པ་དང་བོད་ལ་རང་དབང་དགོས། ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་འབོད་སྒྲའི་འོག་ཕྱི་ལོ་༢༠༠༩ ནས་ད་ལྟའི་བར་བོད་མི་༤༥ རང་ལུས་མེར་བསྲེག་གནང་ཡོད་ཚུལ་དང༌། ཕ་ཡུལ་དྲ་རྒྱ་ནས་དབྱིན་ཡིག་ཐོག་དེ་སྐོར་གནས་ཚུལ་འཁོད་པའི་པར་རིས་དང་བཅས་དཔར་གློག་བརྒྱབ་ཡོད་པ་ཚོགས་འདུའི་བར་སེང་སྐབས་འགྲེམས་སྤེལ་ཞུས་པ་ཡིན་ལ། ཁོང་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག

དྲི་བ། ཚོགས་འདུའི་ནང་ྋགོང་ས་མཆོག་གི་མཚན་གནས་དང་འབྲེལ་བའི་བགྲོ་གླེང་འདྲ་བྱུང་ཡོད་དམ།
ལན། སྤྱིར་སྟངས་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་ནས་ཐད་ཀར་ྋགོང་ས་མཆོག་གི་སྐོར་གླེང་སློང་བྱེད་པ་དེ་འདྲ་མ་བྱུང་ཡང༌། འཛམ་གླིང་ནང་ཆོས་ཁས་ལེན་མཁན་དང་མི་ལེན་མཁན། ཆོས་ལུགས་འདྲ་མིན་དང༌། ལམ་སྲོལ་འདྲ་མིན། ལྟ་བ་འདྲ་མིན་ཡོད་པ་རྣམས་ཞི་བདེར་མཉམ་གནས་ཐུབ་ཐབས་ཇི་ཡོད་སྐོར་བགྲོ་གླེང་བྱེད་སྐབས་ཏྲར་ཀེའི་རྒྱལ་ཁབ་ནས་ཕེབས་པའི་གཙུག་ལག་སློབ་གཉེར་ཁང་ཞིག་གི་སློབ་དཔོན་ཡིན་པ་ཚོགས་མི་ཞིག་དང༌། དབྱིན་ཡུལ་ནས་ཡོང་བའི་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་བ་སྐུ་ཞབས་སྦི་ལེར་ཞེས་པ་དེ་གཉིས་ཀྱིས་གལ་སྲིད་མཛམ་གླིང་འདིའི་ཐོག་ཆོས་ལུགས་མཐུན་སྒྲིལ་དང་ལྟ་བ་འདྲ་མིན་རྣམས་ཞི་བདེ་མཉམ་གནས་བྱེད་དགོས་ན་ཆོས་ལུགས་ཁག་གི་དབུ་ཁྲིད་མི་སྣ་ལ་རག་ལས་ཡོད་ཚུལ་དང༌། ཏཱ་ལའི་བླ་མ་ལྟ་བུ་ནང་པའི་དབུ་ཁྲིད་ཅིག་ཡིན་ཡང་དེང་སང་འཛམ་གླིང་ནང་མི་མང་པོས་ཁོང་གི་བཀའ་སློབ་ལ་དོ་སྣང་བྱས་ཏེ་སེམས་འགུལ་ཐེབས་མཁན་མང་པོ་ཡོད་པ་དང༌། དེ་བཞིན་ཆོས་སྲིད་གཉིསཀྱི་གནད་ཡོད་མི་སྣ་མང་པོས་ཁོང་ལ་དགའ་ཞེན་དང་གུས་བརྩི་ཆེན་པོ་བྱེད་མཁན་མང་པོ་ཡོད་པས་དེ་ལྟ་བུའི་དབུ་ཁྲིད་གང་མང་བྱུང་ན་ཞི་བདེ་མཉམ་གནས་ཐུབ་པར་ཏན་ཏན་ཕན་ཐོགས་ཡོད་ཅེས་ཚོར་ཤུགས་ཆེན་པོའི་ཐོག་ནས་དེ་འདྲ་བཤད་མཁན་འགའ་རེ་བྱུང་སོང་བས། བོད་པ་ཞིག་གིས་གོ་སྐབས་ནམ་བྱུང་ལ་བོད་དོན་དང་ྋགོང་ས་མཆོག་གི་མཛད་འཕྲིན་ག་ཚོད་ཕར་འགྲེལ་བཤད་བརྒྱབ་པ་ལས་ཀྱང་མི་དེ་འདྲའི་རིགས་ཀྱིས་ཚུར་དེའི་སྐོར་ཚིག་གཅིག་བཤད་པ་དེ་ཕན་འབྲས་ཆེ་བ་ཡོད་པའི་ཚོར་སྣང་བྱུང༌།

དྲི་བ། རྒྱ་ནག་པེ་ཅིན་ནས་ཡོང་བའི་ཚོགས་མིར་དེར་ཟུར་དུ་སྐད་ཆ་བྱུང་ངམ།
ལན། ཁོང་དང་མཉམ་དུ་བོད་ཀྱི་གནས་ཚུལ་སྐོར་གླེང་སློང་ཐེངས་མང་བྱུང་བ་དང༌། སྐབས་ཤིག་ཉིན་གུང་ཁ་ལག་གི་བར་སེང་ཞིག་ལ་ཁོང་ནས་བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་རང་བཙན་རྩོད་ཀྱི་ཡོད་མེད་དང༌། ྋགོང་ས་མཆོག་གིས་བོད་ནང་རྒྱ་མི་རིགས་འདུག་སྡོད་མི་ཆོག་སྐོར་གསུངས་ཡོད་མེད་ང་ལ་སེམས་ཚོར་ཆེན་པོའི་ཐོག་ནས་སྐད་ཆ་དྲིས་བྱུང་བར། གུས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་བརྒྱ་ཆ་༩༥ ཡིས་ྋགོང་ས་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་བྱེད་ཀྱི་ཡོད་ཚུལ་དང༌། ད་ལྟའི་གནས་སྐབས་སུ་རྒྱ་གཞུང་ལ་གོ་སྐབས་ཧ་ཅང་ཡག་པོ་ཡོད་ཚུལ། བོད་མི་རྣམས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་བཟུང་བ་ལས་རྒྱ་མི་རིགས་ལ་སྡང་ཟུག་བྱེད་ཀྱི་མེད་ཚུལ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་ལྡན་བྱུང་ན་རྒྱ་ནག་དང་བོད་གཉིས་ཀར་ཁེ་ཕན་ཡོད་ཚུལ། ྋགོང་ས་མཆོག་ནས་བོད་ཀྱི་ས་གནས་གང་དུའང་བོད་མི་རིགས་གྲངས་ཉུང་དང་རྒྱ་མི་རིགས་གྲངས་མང་གྱུར་ན་འགྲིག་གི་མེད་ཚུལ་གསུངས་ཡོད་པ་ལས་རྒྱ་རིགས་བོད་ནས་ཕྱིར་ཕུད་དགོས་པའི་བཀའ་སློབ་ནམ་ཡང་ཕེབས་མེད་ཚུལ་སོགས་ལན་འདེབས་གང་ཤེས་ཞུས། ད་དུང་མཇུག་མཐར་ཁོང་གི་བཞུགས་གནས་ཁང་མིག་ནང་ཐོན་མཇལ་གྱི་གླེང་མོལ་འགའ་བྱས་རྗེས་བོད་ཀྱི་གནས་ཚུལ་ལ་ཞིབ་འཇུག་དགོས་སྐོར་དང༌། ངས་ཞུས་པ་རྣམས་བདེན་པར་གཟིགས་ཚེ་སྐུ་ཉིད་ཀྱི་ནང་མི་དང༌། ཁྱིམ་མཚེས། གྲོགས་པོ་གྲོགས་མོ་བཅས་ལ་འགྲེལ་བརྗོད་ཞུ་དགོས་པའི་འབོད་བསྐུལ་ཞུས་པ་ལྟར་ཁས་ལེན་བྱུང༌། དེ་བཞིན་བགྲོ་གླེང་ཚོགས་འདུའི་མཇུག་བསྡོམས་སྐབས་སུ་རྒྱ་གར་ནས་ཆེད་མངགས་ཁྱེར་ཡོང་བའི་བོད་ཀྱི་རླུང་དར་ཆུང་བ་དང༌། མཇལ་དར་རེ་རེ་ཐུགས་རྗེའི་ལེགས་མཚོན་དུ་ཚོགས་བཅར་བ་ཡོངས་དང༌། གོ་སྒྲིག་པ་ཚང་མར་སྒྲོན་འབུལ་གྱིས་ང་ཚོ་བོད་ལྟ་བུ་རྒྱལ་ཁབ་མེད་ཀྱང་རྒྱལ་ཁབ་གཞན་དང་འདྲ་མཉམ་ཆ་འཇོག་གནང་སྟེ་དེ་རིང་ངའི་མདུན་འདིར་བོད་ཀྱི་རྒྱལ་དར་བཙུགས་གནང་འདུག་པ་མ་ཟད། ཁྱེད་རྣམ་པས་ྋགོང་ས་མཆོག་ལ་ལྷད་མེད་གུས་བརྩེ་དང་བོད་མི་རིགས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་བྱུང༌།

དྲི་བ། དེང་སང་བོད་མི་ཕྱི་རྒྱལ་དུ་ཚོགས་འདུར་ཕྱིན་རྗེས་ཚུར་ལོག་མ་ཡོང་མཁན་དེ་འདྲ་བྱུང་ཡོད་པས། སྐུ་ཉིད་ལ་དེའི་སྐོར་དགོངས་ཚུལ་འདྲ་ཡོད་དམ།
ལན། དེ་ལ་ཐད་ཀར་བསམ་ཚུལ་འདྲ་མེད་ཀྱང༌། འདྲི་བ་འདི་དེང་སང་གི་དུས་ཚོད་ལ་དཔག་པའི་གནད་དགག་ཅིག་རེད་འདུག་བསམ་ཡོད། ཆོས་འདུལ་བར་གཞིར་བཞག་བྱས་ནས་བཤད་ན་དེ་ཧ་ཅང་མ་རུང་བ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་རེད། འོན་ཀྱང་དཔལ་འབྱོར་ལ་ལྟ་མཁན་དང་གནས་སྐབས་སྡིག་པ་མིག་བཙུམ་བྱེད་མཁན་གྱི་ངོས་ནས་བཤད་ན་གནས་སྐབས་སྡིག་པ་མིག་བཙུམ་བྱས་པ་རང་ཡིན་རྒྱུ་རེད་བསམ་གྱི་འདུག ད་ལན་ང་ལའང་ཕྱི་རྒྱལ་དང་རྒྱ་གར་སོགས་ནས་འབྲེལ་ཡོད་འགས་འགྲོ་སོང་གང་ཡང་མི་དགོས་པ་སོ་སོ་སྒེར་ངོས་ནས་ཕྱི་རྒྱལ་དུ་འགྲོ་ཐུབ་པ་ཡག་པོ་ཡིན་ཚུལ་དང༌། ད་ལན་གོ་སྐབས་སྟངས་འཛིན་བྱས་ཏེ་ཕྱི་རྒྱལ་དུ་བསྡད་ན་ལེགས་ཚུལ་གནོན་ཤུགས་ལྟ་བུའི་ལམ་སྟོན་བྱུང་བ་དང༌། ཕྱིའི་རྒྱལ་ཁབ་ནི་མཐུན་རྐྱེན་ཡག་པོ་དང༌། ས་ཆ་སྐྱིད་པོ། དགོས་མཁོ་འཛོམས་པོ་བཅས་ཡོད་པ་རང་ངོས་ནས་ཀྱང་དངོས་སུ་མིག་མཐོང་བྱུང་སོང༌། ཡིན་ནའང་དེར་ཡུན་རིང་འདུག་འདོད་ཀྱི་སེམས་ཆགས་མ་བྱུང་བ་དང༌། སེམས་པའང་དེ་ཙམ་སྐྱིད་པོ་ཡོད་པའི་ཚོར་སྣང་མ་བྱུང༌། །

བོད་ཀྱི་བང་ཆེན་ཚགས་པར་སྤྱིའི་འདོན་ཐེངས་ ༤༠༡    ཕྱི་ལོ་ ༢༠༡༢/༨/༢༩ ཐོག་བཀོད།

Share this:
༡༡༡ ཀློག་གྲངས།