ཚེ་སྲོག་བློས་གཏོང་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད།

10_9_2012zབོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསུམ་གྱིས་དགོས་འདུན་བཞི་དང། འབོད་སྐུལ་གཅིག་གི་ཐོག་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་ཕྱི་ཟླ་༩ ཚེས་༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་གྲོས་ཚོགས་ལམ་ཆེན་ཇན་ཏར་མན་ཏར་དུ་འགོ་འཛུགས་བྱས་ཤིང། དེའི་རིང་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཐེངས་མང་བྱས་ཡོད་པ་མ་ཟད། ཉེན་རྟོག་པའི་མོ་ཊར་བརྡབ་སྐྱོན་ཤོར་ནས་ལས་འགུལ་བ་གཉིས་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

ཁོང་རྣམ་པས་བཙོན་ཁང་དང་བཀག་སྐྱིལ་ཁང་སོགས་སུ་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང། ད་ལྟའི་ཆར་ཇན་ཏར་མན་ཏར་མུ་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་བྱས་ནས་ཉིན་བདུན་འཁོར་བ། ཕྱི་ཟླ་༩ ཚེས་༩ རེས་གཟའ་ཉི་མའི་ཉིན་ལས་འགུལ་བ་གསུམ་གྱིས་བརྙན་འཕྲིན་བརྒྱུད་བོད་ཕྱི་ནང་གི་བོད་མི་རྣམས་ལ་ཁོང་རྣམ་པའི་ལས་འགུལ་གྱི་དམིགས་ཡུལ་དང། བོད་མི་རྣམས་ལ་འབོད་སྐུལ་གནང་བ་ས་གནས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཏང་འབྱོར་བྱུང་བ་འདི་ག་གསར་ཁང་ནས་ཆ་ཚང་གཤམ་དུ་ཡིག་ཐོག་ཏུ་ཕབ་ཡོད།

 

10_9_2012dhondupཟས་བཅད་ངོ་རྒོལ་བ་དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས། “ཟླ་འདིའི་ཚེས་༣ ཉིན་ང་ཚོ་དགོས་འདུན་བཞི་དང་འབོད་སྐུལ་གཅིག་གི་ཐོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཇན་ཏར་མན་ཏར་དུ་ཟས་བཅད་ངོ་རྒོལ་འགོ་བཙུགས་པ་རེད། འགོ་བཙུགས་པ་ནས་རྒྱ་གར་གྱི་ཉེན་རྟོག་པས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལ། ང་ཚོའི་ཟས་བཅད་ངོ་རྒོལ་ཉིན་དང་པོ་ནས་བཙན་ཁྲིད་བཀག་ཉར་བྱས་པ་དང། ཉིན་གཉིས་པར་མགོ་སྐོར་རང་གི་ཐོག་ནས་བཀག་ཉར་ཁང་དུ་ཁྲིད། མཐའ་མ་ཏིས་ཧར་བཙོན་ཁང་དུ་ཁྲིད། བཀག་ཉར་གྱི་བརྒྱུད་རིམ་ནང་དུ་ཏིས་ཧར་བཙོན་ཁང་གཅིག་པུའི་ནང་དུ་ཕན་ཚུན་ཐེངས་བཞི། ཉེན་རྟོག་པའི་རླངས་འཁོར་བརྡབ་སྐྱོན་བྱུང་བ་དེ་ཚོས་ད་ལྟའི་ཆར་ཟས་བཅད་ངོ་རྒོལ་བྱས་ནས་ཉིན་བདུན་ལས་འགྲོ་གི་མེད་ཀྱང། ཕན་ཚུན་མང་པོ་ཁྲིད་པ་དང། བཙོན་ཁང་དུ་བཀག་ཉར་བྱས་པ། ཉིན་གཉིས་པར་ཞལ་བའི་སྒང་དུ་གདན་མེད་པར་ཉལ་དགོས་པ་སོགས་ཀྱིས། ད་ལྟའི་སྐབས་སུ་ང་ཚོའི་གཟུགས་པོའི་གནས་སྟངས་དེ་ཉིན་བཅོ་ལྔ་ཉི་ཤུ་ཞིག་ལ་ཟས་བཅད་ངོ་རྒོལ་བྱས་བཞག་པ་དང་གཅིག་པ་ཆགས་འདུག

ཡིན་ནའང་ང་ཚོ་གསུམ་གྱི་སེམས་ཤུགས་དང་ཆོད་སེམས་ལ་འགྱུར་བ་རྩ་བ་ཉིད་ནས་མེད། ཕྱི་ནང་ག་འདྲ་ཞིག་ནས་གནོན་ཤུགས་དང་འགོག་རྐྱེན་བཟོ་གི་ཡོད་ཀྱང། ང་ཚོ་གཞོན་ནུའི་དབུས་རྒྱུན་ལས་གསུམ་གྱིས་ཐོག་མའི་དམ་བཅའ་ནང་བཞིན་དགོས་འདུན་བཞི་དང་འབོད་སྐུལ་གཅིག་གི་ཐོག་ནས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཟུགས་པོ་དང་ཚེ་སྲོག་བློས་གཏོང་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་རྩ་བ་ཉིད་ནས་མེད་ཅེས་ཞུ་རྒྱུ་ཡིན།

ཤ་ཁྲག་གཅིག་པའི་བོད་པ་ཚང་མ་ལ་ང་ཚོ་ཟས་བཅད་པ་གསུམ་གྱིས་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ང་ཚོ་ཚང་མའི་རྒྱལ་ཁབ་བོད་རེད། ང་ཚོ་བོད་པ་རེད། དེ་འདྲ་ཡིན་པའི་ཆ་ནས་ད་ལྟའི་ཆར་ང་ཚོའི་རྒྱལ་ཁབ་དང་ལུང་པ་དགྲ་བོའི་བཙན་འཛུལ་དང་བཙན་གནོན་གྱི་འོག་ལ་གནས་བསྡད་ཡོད་པ་རེད། དེ་མ་བརྗེད་པ་བྱས་ནས་ང་ཚོ་ཚང་མས་ང་ཚོའི་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་བྱ་རྒྱུ་དང། དེའི་ཐོག་ནས་༧རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་འདི་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལར་གདན་འདྲེན་ཞུ་ཐུབ་པའི་ཆེད་དུ་ཚང་མས་ནུས་པ་སྤུངས། སེམས་ཤུགས་མ་ཆག་པའི་ཐོག་ནས་མུ་མཐུད་སྔར་ལྷག་ལས་ཀ་བྱེད་རོགས་གྱིས་ཞེས་ཞུ་རྒྱུ་ཡིན།

ལྷག་པར་དུ་བོད་ནང་དུ་ཉེ་ཆར་མི་༥༤ ཙམ་གྱིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྩ་ཆེའི་སྐུ་ལུས་དེ་མེ་ལ་བསྲེགས་ནས་དེ་འདྲའི་གནས་སྟངས་ཛ་དྲག་པོ་ཞིག་གི་ཐོག་ཏུ་ང་ཚོ་བསྡད་ཡོད་པ་རེད། བོད་ནང་དུ་མེར་སྲེག་བཏང་བའི་གནས་སྟངས་དེ་ག་འདྲ་ཡོད་མེད་དེ་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་སྐུ་ལུས་མེར་སྲེག་བཏང་བ་དེ་ང་ཚོས་གསལ་པོ་མཐོང་ཡོད་པ་རེད། དཀའ་ངལ་དང་སྡུག་བསྔལ་ག་ཚོད་ཡོད་པ་དེ་སེམས་ལ་བཞག་པའི་ཐོག་ནས། བཙན་བྱོལ་བོད་པ་ཚང་མས་འཐབ་རྩོད་ལ་སྔར་ལས་ལྷག་ཅིག་འགན་ཁུར་ནས་མུ་མཐུད་མདུན་སྐྱོད་བྱེད་རོགས་གྱིས་ཞེས་ང་ཚོས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོ་ལ་འབོད་སྐུལ་དང་རེ་བ་ཞུ་རྒྱུ་ཡིན།” ཞེས་གསུངས་ཡོད་པ་རེད།

 

10_9_2012penpaཟས་བཅད་ལས་འགུལ་བ་དབུས་གཞོན་ནུའི་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་ཀྱིས། “ད་རེས་ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག སྤྱི་ཁྱབ་དབུས་རྒྱུན་ལས་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་དེ་འགོ་བཙུགས་ནས་དེ་རིང་ཉི་མ་བདུན་པ་དེ་འགྲོ་སྡོད་ཀྱི་ཡོད་པ་རེད། ཁ་སང་ཉིན་དང་པོ་དང་གཉིས་པ་གསུམ་པ་དེ་ཚོའི་ནང་དུ་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་འོག་ཏུ་རྒྱ་གར་གྱི་ཉེན་རྟོག་པས་བཀག་ཉར་ཁང་དང། ཏིས་ཧར་བཙོན་ཁང་དུ་ཁྲིད་པའི་འོག་ནས་གོང་དུ་ཚོགས་གཞོན་གྱིས་གསུངས་པ་ནང་བཞིན། ད་ལྟའི་ཆར་གཟུགས་པོའི་གནས་སྟངས་དེ་གང་འཚམ་གྱིས་སྐྱོ་པོ་ཉིན་བཅོ་ལྔ་ཉི་ཤུ་བསྡད་པའི་གནས་སྟངས་དང་གཅིག་པ་ཆགས་འདུག སོ་སོ་ཡིན་ན་བཙོན་ཁང་དུ་ཞལ་བའི་སྒང་དུ་ཉལ་དགོས་བྱུང་ནས་སྒལ་བ་ནད་པ་ཆགས་པའི་དཀའ་ངལ་འཕྲད་སྡོད་ཀྱི་འདུག དཀའ་ངལ་ལ་མ་ལྟོས་པར་ང་ཚོའི་ངོས་ནས་མུ་མཐུད་གོམ་པ་མདུན་སྐྱོད་བྱ་རྒྱུ་དེ་གནད་འགག་ཆེན་པོ་རེད། བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་སྐུ་ལུས་མཆོད་མེར་ཕུལ་ཡོང་བའི་སྐབས་ལ། ང་ཚོ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས་ལྷོད་ལྷོད་བྱས་ནས། གཏམ་སྙན་པོ་དང། ཚིག་རྫིག་པོ་དེ་འདྲ་བཤད་ནས་སྡོད་ཐབས་མེད་པར། དངོས་ཡོད་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་བྱེད་རྒྱུ། ང་ཚོས་བོད་ནང་དུ་ཡོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་ཚབ་ཡིན་ཟེར་གྱི་ཡོད་པ་རེད། བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་པ་ཡིན་ཟེར་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོས་ཁོང་ཚོའི་གནས་སྟངས་དེ་རྒྱལ་སྤྱིའི་སྟེང་ལ་ཁྱབ་སྤེལ་ཐུབ་དགོས་པ་གལ་ཆེན་པོ་ཡིན་སྟབས། ང་ཚོ་འདིར་ཟས་བཅད་ངོ་རྒོལ་དུ་བསྡད་ཡོད་པ་རེད། ང་ཚོས་ཟས་བཅད་ངོ་རྒོལ་འདི་དགོས་འདུན་བཞི་དང། འབོད་སྐུལ་གཅིག་དེ་མ་འགྲུབ་བར་མུ་མཐུད་སྡོད་རྒྱུ་དང། སེམས་ཤུགས་རྩ་བ་ཉིད་ནས་ཆག་གི་མེད་ཞུ་རྒྱུ་ཡིན།

གཉིས་པ་དེ་བོད་མི་ཡོངས་ལ་འབོད་སྐུལ་ཞུ་རྒྱུར། ང་ཚོས་བོད་ཤོར་ནས་ལོ་༥༣ ལྷག་ཅིག་འགྲོ་གི་ཡོད་པ་རེད། དེའི་རིང་དུ་རྒྱ་མིས་བོད་ནང་དུ་བཙན་གནོན་དང་དྲག་གནོན་མང་པོ་ཞིག་བྱས་པའི་རྐྱེན་གྱིས། ང་ཚོ་བཙན་བྱོལ་དུ་སླེབས་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། བཙན་བྱོལ་རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་པ་ཚོས་གཙོ་བོ་ག་རེ་འགན་ཁུར་དགོས་པ་རེད་ཅེ་ན། བོད་རང་བཙན་སླར་གསོའི་ལས་འགུལ་གྱི་སྒང་ལ་འགྲོ་དགོས་ཀྱི་ཡོད་པ་རེད། དེ་དཔེ་གནད་འགག་ཆེན་པོ་རེད། ང་རང་ཚོས་བསམ་བློ་བཏང་བའི་སྐབས་ལ་མ་འོངས་པའི་མི་རབས་ཀྱི་མདུན་ལམ་སེམས་ལ་བཞག་པའི་ཐོག་ནས་རང་བཙན་སླར་གསོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོ་ཚང་མས་ནུས་པ་གཅིག་སྤུངས་དང་གོམ་པ་མདུན་བསྐྱོད་བྱེད་པའི་ཐོག་ནས་བོད་རང་བཙན་སླར་གསོ་བྱེད་དགོས་ཀྱི་རེད། དེ་ང་རང་ཚོར་ལོ་རྒྱུས་ཀྱིས་སྤྲད་པའི་འགན་རེད། དེར་བརྟེན་བོད་མི་ཚང་མར་ངས་འབོད་སྐུལ་ཞུ་རྒྱུར། ཚང་མས་ཡར་ཡིན་མདོག་མདོག ཕར་ཡིན་མདོག་མདོག་བྱེད་མི་དགོས་པའི་ཐོག་ནས་ཚང་མས་མཉམ་དུ་བོད་རང་བཙན་སླར་གསོའི་ལས་ཀ་ལ་ནུས་པ་སྤུངས་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།”ཞེས་གསུངས་ཡོད་པ་རེད།

 

10_9_2012jigmeyཟས་བཅད་ལས་འགུལ་བ་དབུས་གཞོན་ནུའི་རིག་གཞུང་འགན་འཛིན་ཞོལ་པ་འཇིགས་མེད་ལགས་ཀྱིས། “འདས་པའི་ལོ་༤༣ གྱི་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལོ་རྒྱུས་ལ་འགན་ཁུར་བ་དང། འཐབ་རྩོད་ལ་འགན་ཁུར་བའི་ཐོག་ནས་སྔ་རྗེས་སུ་ལས་འགུལ་རྣམ་གྲངས་མང་པོ་ཞེ་དྲག་སྤེལ་ཡོད་པ་རེད། རྣམ་པ་ཚོ་དོ་སྣང་དང་འཐབ་རྩོད་ལ་འགན་ཁུར་མཁན་ཞིག་ཡིན་ན་ཚང་མས་མཁྱེན་སྡོད་ཀྱི་རེད་བསམ་གྱི་ཡོད། ད་ལོ་ང་ཚོ་གཞོན་ནུའི་དབུས་རྒྱུན་ལས་གསུམ་གྱི་ངོས་ནས་དང་བླངས་ཀྱི་ཐོག་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་འགོ་བཙུགས་ནས་དེ་རིང་གི་བར་དུ་ཉིན་བདུན་པ་དེ་ཆགས་ཀྱི་ཡོད་པ་རེད། རྩ་བས་བརྒྱུད་ལམ་ཁག་ལ་ཐུགས་སྣང་ཡོད་མཁན་ཚོས་མཁྱེན་གྱི་ཡོད་པ་རེད། གོང་དུ་རྣམ་པ་གཉིས་ཀྱིས་གསུངས་པ་བཞིན། ང་ཚོའི་གཟུགས་གཞིའི་སྐོར་ལ་དཀའ་ངལ་མང་པོ་ཞིག་འཕྲད་པ་དང། ལྷག་པར་དུ་ངའི་རོགས་པ་གཉིས་ལ་མོ་ཊ་བརྡབ་སྐྱོན་ཤུགས་ཆེན་པོ་ཞིག་བྱུང་ནས་དཔེ་མི་སྲིད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་པ་རེད། འོན་ཀྱང་འདིའི་སྔོན་དུ་ང་ཚོས་གསལ་བསྒྲགས་བྱས་པ་ནང་བཞིན་རྩ་བའི་ཆོད་སེམས་དང་དམ་བཅའ་ལ་འགྱུར་བ་མེད་པའི་ཐོག་ནས་མུ་མཐུད་དུ་བོད་བསྟན་པ་ཆབ་སྲིད་དང། ལྷག་པར་དུ་ལོ་རྒྱུས་ཀྱི་འགན་འཁྲི་ལེན་པ་དང། འཐབ་རྩོད་ཀྱི་འགན་ཁུར་བའི་ཐོག་ནས་འཐབ་རྩོད་མུ་མཐུད་དུ་བྱེད་ཀྱི་ཡིན་ཞེས་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རེད། ཆ་ཚང་ལ་ང་ཚོས་འབོད་སྐུལ་ཟེར་ནའང་འདྲ། རེ་བ་ཚིག་གཅིག་གཉིས་ཤིག་ཞུ་རྒྱུ་ལ་ང་རང་ཚོས་འདས་པའི་ལོ་༥༣ ལྷག་གི་རྒྱབ་ལྗོངས་དང་གནས་བབས་ལ་བལྟས་ཡོང་བའི་སྐབས་ལ། ཧ་ལམ་བོད་དེ་འཛམ་བུའི་གླིང་འདིའི་ནང་ནས་སྟོངས་འགྲོ་བ་ཞིག་དང། བོད་མི་རིགས་དེ་ཆག་དང་འཇིག་གི་གནས་བབས་ཛ་དྲག་པོ་ཞིག་ལ་སླེབས་ཡོང་བའི་སྐབས་སུ། ༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་གནང་བ་བཞིན། བོད་ཆག་འཇིག་གི་གནས་བབས་འདི་འདྲ་བྱུང་བའི་སྐབས་སུ་བོད་པའི་རྩ་དོན་ལ་འགན་མ་ཁུར་ན་དེ་ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད་ཅེས་གསུངས་པ་ནང་བཞིན། ང་རང་ཚོ་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་གྱི་ཐོག་ལ་འབད་བརྩོན་བྱེད་དགོས་པ་ཞིག་དང། ལྷག་པར་དུ་ཆོལ་ཁ་ཆོས་ལུགས་དང། ལངས་ཕྱོགས་དང་ལྟ་གྲུབ། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་དབྱེ་བ་རྩ་བ་ཉིད་ནས་མེད་པར། བོད་མི་ས་ཡ་དྲུག་གི་མངོན་འདོད་ག་རེ་རེད། བོད་རྒྱལ་ཁབ་དེ་འཛམ་བུའི་གླིང་འདིའི་སྒང་ལ་གནས་དགོས་ཀྱི་རེད་དམ་མ་རེད། དེའི་ཐོག་ལ་ངེས་པར་དུ་དགོངས་པ་བཞེས་པའི་ཐོག་ནས་འཐབ་རྩོད་གནང་དགོས་པ་དང། ལྷག་དོན་ལོ་རྒྱུས་ཀྱི་འགན་འཁྲི་དེ་ཚོར་ངེས་པར་དུ་དགོངས་པ་བཞེས་ནས་འཐབ་རྩོད་བྱེད་དགོས་པ་དེ་རྣམ་པ་ཚོའི་ཐུགས་ལ་བཞག་དགོས་པ་རེད་བསམ་གྱི་འདུག ཐུགས་རྗེ་ཆེ།”ཞེས་གསུངས་ཡོད་པ་རེད།

ལས་འགུལ་གོ་སྒྲིག་པའི་ནང་ནས་དབུས་གཞོན་ནུའི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་བོད་རིགས་མི་མང་ལ་འབོད་སྐུལ་འདི་གནང་ཡོད་པ་རེད། “ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚང་མ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་རྣམ་པ་ཚང་མ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག རྣམ་པ་ཚོས་མཁྱེན་གསལ་ལྟར། ཕྱི་ཟླ་༩ པའི་ཚེས་༣ ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དབུས་རྒྱུན་ལས་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཞིག་དབུ་འཛུགས་ཞུས་ཡོད་པ་རེད། དབུ་འཛུགས་ཞུས་ནས་དེ་རིང་ཉིན་བདུན་པ་ཆགས་ཀྱི་ཡོད་པ་རེད། འདས་པའི་ལོ་རྒྱུས་ཀྱི་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་དང། ལྟོ་མེད་ཆུ་མེད་ཀྱི་ཟས་བཅད་ངོ་རྒོལ། དེ་བཞིན་མ་ཤིའི་བར་དུ་ཟས་བཅད་ངོ་རྒོལ་སོགས་མང་པོ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད་དེ། ད་རེས་ཀྱི་ཟས་བཅད་ངོ་རྒོལ་འདི་ལ་ཉིན་དང་པོ་ནས་དཀའ་ངལ་འཕྲད་བསྡད་པ་དང། ལས་འགུལ་བ་དབུས་རྒྱུན་གསུམ་གྱི་གཟུགས་པོའི་གནས་སྟངས་སྐྱོ་པོ་ཆགས་ཡོད། ཁོང་རྣམ་པས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་ལ་འབོད་སྐུལ་ཞུས་ཡོད་པ་རེད། འབོད་སྐུལ་ཞུས་པ་དེ་ཚོ་ལག་ལེན་དུ་འཁེལ་ཐུབ་པ་དང། འབོད་སྐུལ་དེ་ཚོ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡིན་སྟབས་ངེས་པར་དུ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་དང་ཆབས་གཅིག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྣམ་པ་ཚོ་ལ་འབོད་སྐུལ་ཞུ་རྒྱུར། ཕྱི་ཟླ་༩ ཚེས་༡༣ ལ་ཟས་བཅད་ངོ་རྒོལ་གྱི་དགོས་འདུན་བཞི་དང་འབོད་སྐུལ་གཅིག་ལ་རྒྱབ་སྐྱོར་མཚོན་ཆེད་དུ། ས་གནས་གཞོན་ནུ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་མང། དེ་བཞིན་རྒྱབ་སྐྱོར་བ་ཚང་མས་སོ་སོ་ཡོད་སའི་ས་གནས་ས་ཐོག་ཏུ་རྒྱབ་སྐྱོར་དང། གནད་དོན་འདི་དག་གསལ་བཤད་ཡོང་ཆེད་ལས་འགུལ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་གཅིག་ཡིན།

དེ་བཞིན་ཕྱི་ཟླ་༩ ཚེས་༡༦ ལ་བོད་རྒྱལ་ཁབ་རང་བཙན་ཡིན་པའི་ཁུངས་སྐྱེལ་དང། སྤོབས་པའི་ཆེད་དུ་སོ་སོའི་ཁང་པའི་མདུན་དུ་བོད་ཀྱི་རྒྱལ་དར་ངེས་པར་དུ་བསྒྲེང་དགོས་པ་དང། ཉིན་དེའི་དགོང་མོ་ཆུ་ཚོད་༨།༣༠ ཐོག་སྐར་མ་གཉིས་རིང་གློག་བསད་ནས་བོད་ནང་དུ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་དོར་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དང། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟས་བཅད་ངོ་རྒོལ་འདིའི་དགོས་འདུན་གསུམ་དང་འབོད་སྐུལ་གཅིག་དེ། ང་རང་ཚོ་ཚང་མའི་དགོས་འདུན་དང་འབོད་སྐུལ་ཡིན་སྟབས། སྐར་མ་གཉིས་ཀྱི་རིང་ལ་ངེས་པར་དུ་གློག་གསོད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་བཞིན་དགོས་འདུན་བཞི་དང་འབོད་སྐུལ་གཅིག་ལ་རྒྱབ་སྐྱོར་ཡོང་ཆེད་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲ་རྒྱ་www.tibetanyouthcongress.org ནང་དུ་དྲ་རྒྱའི་ཐོག་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་འགོ་བཙུགས་ཡོད། དེའི་ནང་དུ་ཆ་ཤས་ལེན་ཐུབ་པ་གནང་རོགས་གནང་ཞུ་རྒྱུ་ཡིན། དྲ་རྒྱ་དེའི་ནང་ཆ་ཤས་ལེན་པའི་སྐབས་སུ་མཚན་རྟགས་དེ་ཁ་ཐུག མཉམ་འབྲེལ་རྒྱལ་ཚོགས་དང། ཡུ་རོབ་གྲོས་ཚོགས། དེ་བཞིན་རྒྱ་ནག་གི་གཞུང་ཚབ་ཁག་ལ་འགྲོ་གི་ཡོད། དེར་བརྟེན་ཚང་མས་ངེས་པར་དུ་མཉམ་ཞུགས་གནང་རོགས་གནང་ཞེས། གལ་ཆེན་པོའི་ཐོག་ནས་འབོད་སྐུལ་ཞུ་བཞིན་ཡོད།། ཐུགས་རྗེ་ཆེ་གནང་”ཞེས་གསུངས་ཡོད་པ་རེད།།

 

གཞོན་ལྷན་དབུས་རྒྱུན་གསུམ་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་གྱི་དགོས་འདུན་བཞི་དང་འབོད་སྐུལ་གཅིག

དགོས་འདུན།

༡༽ ཡོ་རོབ་མཉམ་འབྲེལ་དང། མཉམ་འབྲེལ་རྒྱལ་ཚོགས་སོགས་གཞུང་དང་ཚོགས་སྡེ་ཁག་ནས་དེ་སྔོན་གཞོན་ནུའི་ཟས་བཅད་ལས་འགུལ་ཁག་གཉིས་ཀྱི་དགོས་འདུན་ཁག་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང། ཞལ་བཞེས་གནང་བའི་དགོས་འདུན་ཁག་ལ་འཕྲལ་དུ་ལག་བསྟར་ཡོང་བ་ཞུ།

༢༽ བོད་ནང་གི་དཀའ་ངལ་དང་བོད་མིའི་དགོས་འདུན་ཇི་ཡིན་ཤེས་རྟོགས་སླད་རྒྱལ་སྤྱིའི་སྲིད་གཞུང་དང། ཚོགས་སྡེ་ཁག གསར་འགོད་པ་བཅས་ཀྱི་སྐུ་ཚབ་བོད་ནང་འཕྲལ་དུ་གཏོང་དགོས།

༣༽ ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་ཀློད་གྲོལ་དགོས་པ་མ་ཟད། གང་བྱུང་འཛིན་བཟུང་ཁྲིམས་གཅོད་རིགས་འཕྲལ་དུ་མཚམས་འཇོག་དགོས།

༤༽ འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་སྤེལ་མཁན་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དགྲ་བོ་རྒྱ་ནག་གཞུང་གིས་དྲག་སྤྱོད་པ་དང། མི་ཚེ་ཁུངས་མ་འཁྱོལ་བ་རེད་ཟེར་བ་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང། མ་ཉེས་ཁ་གཡོག་གི་ཧམ་བཤད་དེ་རིགས་ངེས་པར་དུ་མཚམས་འཇོག་བྱ་དགོས།

འབོད་སྐུལ་གཅིག

རྒྱལ་སྤྱིའི་སྲིད་གཞུང་དང། ཚོགས་སྡེ་ཁག མི་སྒེར་བཅས་ནས་བོད་རང་བཙན་གྱི་བདེན་དོན་ལ་ངོས་འཛིན་དང། བོད་རང་བཙན་སླར་གསོ་བྱ་བར་ངེས་པར་ཁ་གསལ་གྱི་རྒྱབ་སྐྱོར་གནང་དགོས།

 

གསལ་བཤད། འདྲ་པར་འདི་དག་ཟས་བཅད་ལས་འགུལ་འགོ་འཛུགས་སྐབས་ཕྱི་ཟླ་༩ ཚེས་༣ ཉིན་གྱི་འདྲ་པར་རེད།

Share this:
༧༠ ཀློག་གྲངས།