སྨྲ་བརྗོད་དང་གསར་འགོད་རང་དབང་ལ་ཚད་བཀག་མེད་པ་མིན།

ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
ཁ་སང་ངས་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་བ་དེ་ལ་ཉན་པ་ཡིན་ལ། ཚོགས་འདུ་དེའི་སྒང་བདག་ཅག་བཀུར་འོས་སྤྱི་འཐུས་མང་པོས་ཉེ་བའི་ཆར་གསར་གྱུར་རྒྱུད་ལམ་ཁག་དང་།

དྲ་རྒྱ་སོགས་སུ་༧གོང་ས་མཆོག་ལ་མཚན་སྨད་བྱས་ཡོད་པའི་གནད་དོན་ཐོག་བསམ་འཆར་འདྲ་མིན་བཏོན་སོང་ལ། ཁོང་ཚོ་ལ་ལས་གསར་འགོད་རྒྱུད་ལམ་ཁག་ནས་དེ་རིགས་ཀྱི་རྩོམ་ཡིག་ལ་བཀག་རྒྱ་བྱེད་དགོས་པ་དང་། ཡང་ལ་ལས་རྩོམ་འབྲི་བའི་མིང་མི་གསལ་བ་དང་མིང་རྫུན་མ་བྲིས་པའི་རྩོམ་ཡིག་དེ་རིགས་ལ་དོགས་ཟོན་བྱེད་དགོས་ཚུལ་གསུངས་སོང་། གནད་དོན་དེའི་ཐད་དེང་སང་སྤྱི་ཚོགས་ནང་དེ་ནི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ལ་ཚད་བཀག་བཟོས་པ་ཡིན་ཚུལ་དང་། དེ་ནི་མང་གཙོའི་རང་དབང་ལ་ཚད་བཀག་བཟོས་པ་དང་མང་གཙོའི་སྒྲོམ་གཞི་དང་འགལ་བའི་གནད་དོན་ཞིག་ཡིན་ཚུལ་སོགས་མང་པོ་བཤད་དང་བཤད་མུས་རེད་མོད། ཡིན་ནའང་། ང་ཚོས་ཚང་མས་མཁྱེན་དགོས་པ་ཞིག་ལ།མང་གཙོའི་སྒྲོམ་གཞི་རུ་གནས་པའི་སྤྱི་ཚོགས་གང་ཞིག་ཡིན་ནའང་། མང་གཙོའི་རང་དབང་ལ་ཁྲིམས་ལུགས་ཀྱིས་སྟངས་འཛིན་རྩ་བ་ནས་མེད་པ་དེ་འདྲ་མིན། དེ་ཡང་མང་གཙོའི་རང་དབང་དེ་ཉིད་རང་དབང་ཁྱབ་ཁོངས་ཤིག་ཏུ་ལོངས་སྤྱོད་དགོས་པ་ལས། ར་ལངས་ཆ་ལངས་ཀྱིས་སོ་སོས་གང་བཤད་འདོད་པ་དང་གང་འབྲི་འདོད་པ། གསར་འགོད་རྒྱུད་ལམ་ཁག་ནས་ཀྱང་གང་བཀོད་འདོད་པ་དེ་འདྲ་རྩ་བ་ནས་མིན།

མང་གཙོའི་ཁྲིམས་ལུགས་ནས་སྨྲ་བརྗོད་དང་གསར་འགོད་ཀྱི་རང་དབང་ལ་ཆེ་མཐོང་དང་དེ་ཉིད་སྲུང་སྐྱོབ་གང་ཐུབ་བྱས་ཡོད་ལ། ཁྲིམས་ལུགས་རང་ཉིད་ནས་ཀྱང་དེ་དག་གཞི་རྩའི་ཐོབ་ཐང་དང་རང་དབང་གི་ཁོངས་སུ་འཁོད་ཡོད། ཡིན་ནའང་ཁྲིམས་ལུགས་དེས་རང་དབང་དེ་དག་གི་སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་མི་གནོད་པའི་ཁྱབ་ཁོངས་ཤིག་ཏུ་ཚད་བཀག་བྱས་ཡོད་པ་དང་། གལ་སྲིད་རང་དབང་དང་ཐོབ་ཐང་དེ་ཉིད་ཀྱིས་སྤྱི་ཚོགས་དང་གང་ཟག་སྒེར། སྒྲིག་འཛུགས་ག་གེ་མོ་གང་རུང་ལ་མཚན་སྨོད་དང་གནོད་སྐྱལ་པ་ནས་བཟུང་རང་དབང་དང་ཐོབ་ཐང་དེ་དག་བསྡུ་གསོག་བརྒྱབ་པ་རེད་ལ། དེ་ནི་ཁྲིམས་ལུགས་ཀྱི་གཞི་རྩའི་ལྟ་བ་དང་འགལ་པ་ཡིན་དུས་མཚན་དམོད་བྱས་པའི་གང་ཟག་གམ་ཚོགས་པ། ཡང་ན་སྒྲིག་འཛུགས་གང་ཡིན་ཡང་ཁྲིམས་འགལ་གྱི་ལམ་ལ་འཇུག་པ་རེད།དེ་ནི་ཁྲིམས་ལུགས་ཀྱིས་ཆད་འགེལ་ཆོག་པ་ཞིག་ཀྱང་ཡིན།

གསར་གྱུར་རྒྱུད་ལམ་དེ་ཉིད་ཀྱང་མང་གཙོའི་ཀ་བ་གཅིག་གི་ནང་གསེས་སུ་ཚོད་ཡོད་པ་དང་། དེ་ནི་མང་གཙོའི་སྒྲོམ་གཞིའི་ནང་གལ་གནད་ཤིན་ཏུ་ཆེ་བའི་སྡེ་ཚན་ཞིག་ཏུ་གྱུར་ཡོད་པ་རེད། ཁྲིམས་ལུགས་ནས་ཀྱང་སྡེ་ཚན་འདི་ནི་སྤྱི་ཚོགས་སུ་གོ་རྟོགས་སྤེལ་པ་དང་གཞི་རྩའི་མང་གཙོའི་ལྟ་བ་ལ་སྲུང་སྐྱོབ་ཐུབ་པའི་སྡེ་ཚན་ཞིག་རྩིས་ནས་ཐོབ་ཐང་དེ་ཉིད་སྤྲད་པ་ཡིན་པ་ལས། སྡེ་ཚན་འདིས་ཁྲིམས་ལུགས་ཀྱི་ལྟ་བ་འདི་ཉིད་དང་འགལ་ཆོག་པའི་རང་དབང་དང་ཐོབ་ཐང་ནི་རྩ་བ་ཉིད་ནས་མེད་པ་ཡིན་དུས། གལ་སྲིད་གསར་གྱུར་རྒྱུད་ལམ་གང་ཡིན་རུང་དེ་ཉིད་ལྟ་བ་ཆེ་འགལ་དུ་སོང་པ་ནི་ཁྲིམས་འགལ་ཡིན་ལ། ས་གནས་ཁྲིམས་ལུགས་གང་རུང་ནས་དེའི་ཐད་བཞུ་གཏུག་ཆོག་པའི་ཐོབ་ཐང་དང་འགན་དབང་ཡོད་། ང་ཚོའི་བོད་པའི་སྤྱི་ཚོགས་སུ་མཚོན་ན། དེ་ནི་བོད་མིའི་ཁྲིམས་གཏུག་ཁྱབ་ཁོངས་སུ་ཚོད་པའི་མིང་བཤེར་ནས་ཁྲིམས་གཏུག་ཞུ་ཆོག་ལ། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་གཉིས་པ་སྟེ་ཁྲིམས་ཁོངས་ཁྱབ་ཚད་དོན་ཚན་བདུན་པའི་ནང་གསེས་(ཉ)པ་སྟེ། བོད་མིའི་སྤྱི་ཚོགས་བདེ་འཇགས་དང་འབྲེལ་བའི་རྩོད་གླེང་ནས་ཀྱང་གཏུག་ཆོག་པ་རེད། གལ་སྲིད་གཞུང་ཁྲིམས་གཉིས་ཀྱི་སྟངས་འཛིན་དང་བཀའ་རྒྱ་ལ་མི་རྩིས་པ་བྱུང་ན། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་བཅུ་གསུམ་པའི་དོན་ཚན་གྱ་བཞི་པ་སྟེ། ཁྱད་གསོད་ཀྱི་ཁྲིམས་ལུགས་སྟངས་འཛིན་འོག་བཞུ་གཏུག་ཆོག་པ་ཡིན་པ་དང་། དེ་ཡང་རྩོམ་ཡིག་དེའི་རིགས་བཀོད་མཁན་གྱི་གསར་གྱུར་རྒྱུད་ལམ་ག་གེ་མོ་དེ་རང་ཉིད་དང་མི་དོ་བདག་སྒེར་པ་གཉིས་ཀར་ཉེས་ཆད་ཆོག་པ་ཡིན་པ་རེད།

ཡང་མི་མང་པོས་གསར་གྱུར་རྒྱུད་ལམ་ཁག་ནི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་པ་དང་། དེ་ལ་སུས་ཀྱང་ཐེ་གཏོགས་མི་ཆོག་པར་འདོད་མོད། དེ་ནི་ནོར་འཁྲུལ་གྱི་ལྟ་སྟངས་ཤིག་ཡིན་པ་དང། ཁྲིམས་ལུགས་དང་གཞུང་གི་དབང་ཚད་མ་རྟོགས་པ་ཁོ་ནས་དབང་གིས་རེད་སྙམ། ཁྲིམས་ལུགས་དང་གཞུང་ལ་དམིགས་བསལ་གྱི་འགན་དབང་ཡོད་པ་དང་། དེ་ཡང་སྤྱི་ཚོགས་དང་གང་ཟག་སྒེར་གྱི་ཆེ་མཐོང་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་དུས། གལ་སྲིད་སྤྱི་ཚོགས་ནས་རྩོམ་ཡིག་ཕན་མེད་དང་གསར་འགོད་རྒྱུད་ལམ་གང་རུང་ལ་མི་འདོད་པའི་བསམ་ཚུལ་གཞུང་དང་ཁྲིམས་ཁང་ལ་ཡིག་ངག་གང་རུང་ནས་ཕུལ་པ་ཡིན་ན། ཁྲིམས་ཁང་དང་གཞུང་གཉིས་ནས་ཀྱང་དེ་ལ་དམིགས་བསལ་གྱིས་ཚད་བཀག་དང་ཆད་འགེལ་བྱེད་ཆོག་པའི་དབང་ཚད་ཡོད་པ་རེད།

མ་གཞི་ནས་ང་ཚོའི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན༧གོང་ས་མཆོག་ནི་བླ་ན་མེད་པ་དང་། བཀའ་དྲིན་ཆེས་ཆེ་ལྡན་པའི་གང་ཟག་ཁྱད་འཕགས་བ་ཞིག་ཡིན་པ་དང་། ཁོང་གིས་མི་ལོ་༦༠ ལྷག་གི་རིང་བོད་དང་བོད་མི་ཁོ་ནའི་ཆད་དུ་སྐུ་ངལ་བསྐྱོན་པ་ནི་རླབས་ཆེན་དང་། དེ་ལ་ང་ཚོའི་སུས་ཀྱང་གོང་བཀུར་འོས་པ་ཡིན་པ་རེད། བཟང་སྤྱོད་དང་ལས་འབྲས་ནས་བཤད་ན། གང་ཟག་སུས་ཀྱང་ཁོང་ལ་མཚན་དམོད་བྱེད་པ་ནི་བཟང་སྤྱོད་དང་འགལ་པ་དང་ལས་འབྲས་ལ་མ་རྩིས་པ་ཡིན་པ་རེད། ཁྲིམས་ལུགས་ནས་བཤད་པ་ཡིན་ན། དེ་ནི་ཁོང་ལ་ཁྱད་གསོད་བྱེད་པ་རེད། ༧ཁོང་ནི་བོད་པའི་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེ་ལྡན་གྱི་གང་ཟག་ཅིག་ཡིན་པས་ན། ཁོང་ལ་ཁྱད་གསོད་བྱེད་པ་ནི་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་བདེ་འཇགས་ལ་དོ་ཕོག་ཆེས་ཆེར་འགྲོ་ཉེས་ཆེ་པ་ཡིན་དུས། དེ་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་དགོས་པ་ཞིག་ཡིན་དུས། གལ་སྲིད་༧ཁོང་ལ་མཚན་དམོད་ཞུས་པ་ཡིན་ན་ཁྲིམས་ལུགས་ཀྱིས་སྤྱི་ཚོགས་སྲུང་སྐྱོབ་ཀྱི་འགན་དབང་ནས་བྱུང་བའི་དབང་ཚད་དེས་བཀག་འགོག་བྱེད་ཆོག་པ་ཡིན་པ་མ་ཟད། དེ་ཡང་ཆོས་དང་ཁྲིམས་ལུགས་གཉིས་ཀ་ནས་མ་མཐུན་པ་ཞིག་ཡིན་ཕྱིན་དེ་ལ་ཁྲིམས་ལུགས་དང་ཆོས། བཟང་སྤྱོད་སོགས་གང་རུང་ནས་སྟངས་འཛིན་བྱེད་དགོས་ངེས་རེད་ལ། བྱེད་ཆོག་པ་ཞིག་ཀྱང་ཡིན།

གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་རྩོམ་པ་པོའི་མིང་འཁོད་ཡོད་མེད་ལ་མ་ལྟོས་པར་༧ཁོང་ལ་མཚན་དམོད་བྱེད་པའི་རྩོམ་ཡིག་ཆ་ཚང་ལ་བཀག་སྡོམས་བྱེད་ཆོག་པ་ཞིག་རེད་ལ། དེ་ནི་སྨྲ་བརྗོད་དང་གསར་འགོད་རང་དབང་ལ་དོ་ཕོག་འགྲོ་བའི་གནད་དོན་ཞིག་རྩ་བ་ཉིད་ནས་མིན།།

Share this:
༡༢༩ ཀློག་གྲངས།