ད་ལྟ་ང་ཚོས་སྙིང་དོན་ག་རེ་རྩོད་བཞིན་པ་ཤེས་དགོས།

བསོད་ནམས་ལྷུན་གྲུབ། སུད་སི།
ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་ཤག་སྔོན་མའི་སྲིད་བྱུས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་ལམ་ཞིག་ལ་དབུ་མའི་ལམ་དུ་བརྗོད་བཞིན་པ་དེ་རྒྱུན་སྐྱོང་བྱེད་བཞིན་ཡོད་པ་རེད། ལམ་འདིའི་སྙིང་པོ་མདོར་བསྡུས་ན་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་རྒྱུན་སྐྱོང་དང་།

དམར་པོའི་སྤྱི་ཚོགས་རིང་ལུགས་རྒྱུན་སྐྱོང་། དམར་གཞུང་གི་མི་རིགས་ས་ཁོངས་རང་སྐྱོང་ཟེར་བའི་བཅའ་ཁྲིམས་ཀྱི་འབྲུ་དོན་འོག་གི་ཚད་བཀག་ལྡན་པའི་མང་ཚོགས་ཀྱི་ཐོབ་ཐང་ཁག་ཅིག་རྩོད་ལེན་བྱེད་པའི་འཐབ་བྱུས་ཤིག་རེད། འདིའི་ཁྱབ་ཁོངས་ནི་རྒྱ་ནག་སྤྱི་དམངས་ངོས་འཛིན་ལག་ཁྱེར་ནང་བོད་རིགས་ཅེས་བྲིས་ཡོད་པ་དེ་དག་གི་བོད་རིགས་ས་ཁུལ་ཁོ་ན་ལས།  བོད་མི་ཡིན་ལ་བོད་རིགས་མིན་པའི་བོད་མི་འདུས་སྡོད་ཀྱི་ས་ཁུལ་དེ་དག་ཚུད་མེད་པ་མ་ཟད། འཐབ་བྱུས་འདིའི་ནང་བོད་མིའི་ཐུན་མོང་མིན་པའི་ཆོས་སྲིད་ཟུང་འབྲེལ་དང་། རང་དབང་མང་གཙོ། ཆོལ་གསུམ་ས་ཁུལ་ཡོངས་ཁྱབ་ཀྱི་རྩ་དོན་མེད་པ་ཕྱི་གསལ་ནང་གསལ་རེད། དེར་བརྟེན་ད་ལྟ་ང་ཚོས་སྙིང་དོན་ག་རེ་རྩོད་བཞིན་པ་ཤེས་དགོས་ལ། ཤེས་པའི་ཐོག་ནས་ལམ་འདི་གཞིས་ལུས་མི་མང་གི་མངོན་འདོད་རེད་འདུག་མིན་ལ་གྲོས་ཚོགས་དང་དམིགས་བསལ་ཚོགས་ཆེན་ནས་དགོངས་པ་ཟབ་བཞེས་གནང་དགོས་པར་མཐོང་གི་ཡོད་ལ།  བོད་དོན་བདེན་མཐའ་སེལ་བར་ཡུན་རིང་འགོར་སྲིད་པས་བར་ལམ་བོད་དོན་ལ་བཟང་ཕྱོགས་ཀྱི་རེ་བ་ཡོད་པར་བརྗོད་བཞིན་པ་འདིའི་རྒྱབ་ན་བོད་ཀྱི་གཞོན་ལྷན་གཙོ་བོ་བྱས་པའི་བོད་རང་བཙན་འཐབ་རྩོད་པ་ཚོ་རྩ་མེད་གཏོང་དགོས་པའི་རྒྱ་ནག་གཞུང་གི་ཆ་རྐྱེན་ལ་ཁས་ལེན་བྱས་མེད་པའི་རེ་བ་བྱེད་ཀྱི་ཡོད། སྐབས་རེ་བོད་ས་ཤོར་བའམ་བོད་ལུང་པ་དགྲ་ལ་ཤོར་བའི་གནད་དོན་དེ་མི་ཐོག་གཅིག་གི་རིང་ལ་ཐག་གཅོད་ཡོང་བའི་རེ་བ་ཁོ་ནའི་ལས་དོན་བྱེད་ཕྱོགས་ཤིག་ང་ཚོ་བོད་ཀྱི་འཐབ་རྩོད་འདིའི་ནང་བསྲེས་མེད་དམ་སྙམ་པའི་ཚོར་སྣང་ཡོང་གི་འདུག 

དེར་བརྟེན་ད་ལྟའི་ཆར་བོད་མི་ཚོ་མང་གཙོའི་ལམ་དུ་བགྲོད་བཞིན་པ་ཡིན་སྟབས། བོད་ཀྱི་རང་དབང་སླར་གསོའི་ལས་དོན་བོད་མི་མང་ཚོགས་ཀྱིས་འགན་ཁུར་རྐང་ལེན་ངེས་པར་བྱེད་དགོས་པ་དང་། བོད་ཀྱི་མ་འོངས་མདུན་ལམ་བོད་མི་མང་ཚོགས་རང་གིས་ཐག་གཅོད་བྱེད་དགོས་པའི་ལམ་སྲོལ་ལག་བསྟར་ཚད་ལྡན་བྱེད་དགོས་པར་གཟིགས་ནས་༸གོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་བ་ཞིག་ཡིན་པས།  བོད་མི་མང་ཚོགས་ལ་རང་དབང་མང་གཙོ་གཙོ་བོར་བྱས་པའི་བོད་ཀྱི་ཆབ་སྲིད་ཀྱི་འཕེལ་རིམ་ཡོངས་རྫོགས་ཀྱི་ཐད་གོ་རྟོགས་ཤུགས་ཆེར་སྤེལ་དགོས་རྒྱུ་ནི་ད་ལྟའི་ཆབ་སྲིད་དབུ་ཁྲིད་ཚོས་ལས་དོན་གལ་ཆེ་ཤོས་ཤིག་ཏུ་མཐོང་གི་འདུག

Share this:
༨༠ ཀློག་གྲངས།