མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་༥༠ འཁོར་བ།

screenshot_2ཕྱི་ཚེས་༡༧ ཉིན་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ། མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་མཛད་སྒོའི་ཐོག ༧གོང་ས་མཆོག་གིས་དཀའ་ངལ་ཆེ་བའི་ཁ་ཐུག་ལ་མ་སུ་རིར་འབྱོར་བ་ཡིན། མ་སུ་རི་ནམ་ཡང་བརྗེད་ཀྱི་མེད་གསུངས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་ལྡེ་ར་ལྡུན་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་མཛད་སྒོའི་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་གནང་བ་དང་། ཐོག་མར་བོད་ཁྱིམ་སློབ་གྲྭའི་རོལ་ཆ་རུ་ཁག་གི་སྣེ་འཁྲིད་དེ་ཁང་ཚན་ཁག་དང་། མ་སུ་རི་གཏན་སློབ། རྭ་ཇ་པུར་སློབ་གྲྭ་བཅས་ནས་རུ་སྒྲིག་གི་ལམ་ནས། ༧གོང་ས་མཆོག་ལ་ཆེ་མཐོའི་གུས་འདུད་དང་འབྲེལ། འཕགས་བོད་གཉིས་ཀྱི་རྒྱལ་གླུ་རིམ་བཞིན་ཕུལ་རྗེས་བོད་ཁྱིམ་རོལ་ཆའི་རུ་ཁག་ནས་རྔ་རོལ་གྱི་མཆོད་སྤྲིན་གཟིགས་འབུལ་ཞུས་ཡོད་པ་རེད།

དེ་ནས་མ་སུ་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེས་ལས་སྡོམ་སྙིང་བསྡུས་སྙན་སྒྲོན་ཞུས་པའི་ནང་། བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་༧གོང་ས་མཆོག་གིས། མ་འོངས་སྔོན་གཟིགས་ཀྱི་བཀའ་དགོངས་བཞིན་ལྷ་སྐུ་ཨ་མ་རིན་ཆེན་སྒྲོལ་མ་ལགས་ཀྱིས། ཕྱི་ལོ་ ༡༩༦༢ ལོའི་ཟླ་ ༡༡ ཚེས་ ༡༥ ཉིན་ཐོག་མར་ཁྱིམ་ཚང་གསུམ་ནང་དྭ་ཕྲུག་ཉམ་ཐག་གྲངས་ ༧༥ ཡོད་པ་འགོ་འཛུགས་ཆེད། སྨན་འགྲོ་གྲོན་ཡོངས་རྫོགས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་གསོལ་རས་བསྩལ་ཐོག་བོད་ཕྲུག་ཁྱིམ་སྡེ་འདི་དབུ་འཛུགས་གནང་ཡོད། ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༢༣ ཉིན་ཁྱིམ་ཚང་བརྒྱད་ཡོད་པ་གཞུང་འབྲེལ་ཐོག་ངོས་ལེན་ཐོབ་སྟེ། ༧གོང་ས་མཆོག་གིས་དབུ་འབྱེད་བཀའ་དྲིན་ཆེ་བ་བསྐྱངས་ཡོད། དེ་ནས་ད་བར་མི་ལོ་ལྔ་བཅུའི་རིང་ཕྱི་ནང་གི་ཡར་རྒྱས་ཕྱིན་ཡོད་ལ་སློབ་ཕྲུག་བརྒྱ་ཕྲག་མང་པོར། སློབ་གསོའི་མཐུན་རྐྱེན་སྦྱར་ཏེ་འདབ་ཤོག་གཉིས་ལྡན་གྱི་རང་རེའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་མཁན་བྱུང་ཡོད་ཅེས་སོགས་ཀྱི་ལས་སྡོམ་སྙིང་བསྡུས་སྙན་སྒྲོན་ཞུས་ཡོད་པ་རེད།

༧གོང་ས་མཆོག་གིས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་དུས་དེབ་ཅེས་པའི་མི་ལོ་ལྔ་བཅུའི་རིང་གི་ལོ་རྒྱུས་སྙིང་བསྡུས་བརྙན་དེབ་དབུ་འབྱེད་གནང་རྗེས། རྒྱལ་སྤྱིའི་ཨེ་སི་ཨོའི་ཨེསེ་མཚན་གནས་ཚོགས་གཙོ་སྐུ་ཞབས་ཀུ་ཀྲིན་མཆོག་ལ་བོད་ཁྱིམ་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་བསྩལ་མཚམས། རྒྱལ་སྤྱིའི་ཨེ་སི་ཨོའི་ཨེསེ་མཚན་གནས་ཚོགས་གཙོ་སྐུ་ཞབས་ཀུ་ཀྲིན་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གཞོན་སྐྱེས་ཚོར་ཚོགས་པ་འདིས་ཤེས་ཡོན་སློབ་གསོའི་ཐད་ལྟ་སྐྱོང་བྱས་པར་བརྟེན། བོད་ཕྲུག་རྣམས་ཧ་ཅང་ཡག་པོ་བཟོ་ཐུབ་པ་བྱུང་ཡོད། བོད་ཕྲུག་ཁྱེད་རྣམས་ནས་ཀྱང་བོད་མིའི་འདུ་ཤེས་དང་། རེ་བ་རྩ་བ་ནས་བརླག་རྒྱུ་མེད་ཅེས་སོགས་ཀྱི་གསུང་བཤད་གནང་རྗེས། ས་གནས་རྒྱ་གར་དཔོན་རིགས་ཁག་གཉིས་ནས་ཀྱང་གསུང་བཤད་མདོར་བསྡུས་གནང་ཡོད་པ་རེད།

མཐར་༧གོང་ས་མཆོག་གིས་མཛད་སྒོའི་སྟེང་བཀའ་སློབ་བསྩལ་དོན། ང་ཚོ་མ་སུ་རིར་ཐོག་མ་འབྱོར་རྗེས་སྐབས་དེའི་ཛ་དྲག་གི་ལས་ཀ་དེ། ང་ཚོ་མ་སུ་རིར་འབྱོར་མ་འབྱོར་ནས་བོད་མི་ཁྲི་ཕྲག་ཁ་ཤས་ཤིག་དམར་འགོ་ལ་བརྒྱུད་དེ་མོན་ལ་ཡོང་རྒྱུའི་ཧ་ཅང་ཛ་དྲག་ཅིག་ཆགས་པ་རེད། དེའི་ནང་ནད་པ་དང་རྨས་མ་དེ་འདྲ་ཡང་ཡོད། སྐབས་དེར་རྒྱལ་སྤྱིའི་ཚོགས་པ་དེ་འདྲས་རོགས་རམ་ཡག་པོ་བྱས་ཡོད། ཨ་རིའི་ཛ་དྲག་ཚོགས་པ་ཞིག་བཙུགས་ཏེ་དེའི་ཐོག་ནས་རོགས་རམ་བྱས་ཡོད་ལ་གཙོ་ཆེ་ཤོས་རྒྱ་གར་གཞུང་ནས་རོགས་རམ་ཧ་ཅང་མང་པོ་བྱས་ཡོད།

འོན་ཀྱང་མེ་ས་མ་རིའི་ས་ཆ་དེ་ཟླ་བ་བཞི་པ་ལྔ་པ་ཟེར་དུས་ཚ་བ་ལངས་བའི་དུས་དེ་ཁེལ་ཡོད་པར་སོང། བོད་པ་ཚོ་ཧོབ་སྟེ་ས་གནས་དེར་འབྱོར་སྟབས་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཡོད་ཅེས་ཐོག་མར་སློབ་གྲྭ་བཙུགས་པའི་བརྒྱུད་རིམ་དང་། ད་ལྟའི་ཆར་མི་ཐོགས་རྒན་པ་ཚོའི་བཀའ་དྲིན་ལ་བརྟེན་ནས་གང་ཅིའི་ཐད་ནས་ཡར་རྒྱས་སོང་ཡོད་སྐོར། སློབ་མ་ཚོ་གང་དུ་སོང་ཡང་བོད་སྤྱི་པའི་དོན་དོན་བརྗེད་མི་ཉན་སྐོར་དང་། སློབ་གྲྭ་འདི་ཡར་རྒྱས་སོང་བ་དང་། མཐོ་ནས་མ་བྱན་དང་། གད་ཡན་ཆད་ཀྱིས་འབད་བརྩོན་བྱས་པའི་འབྲས་བུ་ཡིན་སྐོར་སོགས། མ་འོངས་པར་སློབ་མ་ཚོས་སློབ་སྦྱོང་བྱེད་ཕྱོགས་སོགས་ཀྱི་ཐད་ལ་ལམ་སྟོན་གནང་ཡོད་པ་རེད།

screenshot_3

screenshot_4

on 17 September 2012/Photo/OHHDL/Tenzin Choejor

Share this:
༥༨ ཀློག་གྲངས།