རྒྱལ་གཅེས་བསམ་བློ་སྤེལ་བའི་ནུས་ཤུགས།

ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
ང་ཚོས་ཚང་མས་མཁྱེན་གསལ་རེད། ཉེ་བའི་ཆར་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་མཚོ་ས་རྩོད་གླེང་བྱེད་པ་ནི་ཛ་དྲག་ཆེས་ཆེར་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གིས་ཏའོ་ཡུལ་གླིང་ཕྲན་རི་ཚོགས་ནི་ཕ་རབས་མི་རྒྱུད་ནས་རྒྱ་ནག་གི་བདག་དབང་འོག་ཡོད་ཚུལ་བཤད་པ་དང་།

ཉི་ཧོང་གིས་དེ་ནི་ཉི་ཧོང་གི་ཁྲིམས་མཐུན་བདག་དབང་འོག་ཡོད་ལུགས་སོགས་བཤད་དེ་གང་ལྟར་ཀྱང་རྒྱལ་ཁབ་གཉིས་ཀྱི་མཚོ་ས་བདག་དབང་འདིའི་ཐད་སུས་ཀྱང་གུ་ཡངས་མི་གཏོང་པར་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་ལྷུང་ཡོད་པ་རེད། དེ་ཡང་ཁོང་ཚོ་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་བཏང་ནས་ཉིན་རེ་ནས་ཉིན་རེར་མཚོ་ས་དེར་བདག་དབང་སྲུང་སྐྱོབ་བྱེད་ཅིང་ཡོད་ལ། གནད་དོན་དེའི་ཐད་རྒྱལ་སྤྱིའི་ཆབ་སྲིད་པ་དང་ལོ་རྒྱུས་སྨྲ་བ་སོགས་ཀྱི་ལྟ་སྟངས་ཀྱང་འདྲ་མིན་བྱུང་བཞིན་ཡོད། ཐེ་ཝེན་དང་རྒྱ་ནག་གཉིས་ནི་ཆབ་སྲིད་ཀྱི་འགལ་འབྲེན་ཡོད་པའི་རྒྱལ་ཁབ་གཉིས་ཡིན་ནའང་། གནས་དོན་འདིའི་ཐད་ཐེ་ཝེན་ནས་ཀྱང་རྒྱ་ནག་ཕྱོགས་སུ་ལངས་ནས་སྐད་ཆ་བཤད་ཅིང་ཡོད་ལ། ཐེ་ཝེན་མཚོ་དམག་ནས་ཀྱང་རྒྱ་ནག་དང་མཉམ་རུབ་ཀྱི་ཉི་ཧོང་ལ་གནོད་ཤུགས་སྤྲད་ཀྱིས་ཡོད།

གནད་དོན་འདིས་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་དཔལ་འབྱོར་དང་མཐུན་སྒྲིལ་ལ་དོ་ཕོག་ཤིན་ཏུ་འགྲོ་ཡོད་མོད། འོན་ཀྱང་རྒྱ་ནག་དང་ཉི་ཧོང་གཉིས་རྒྱལ་སྤྱིའི་ཚོང་འབྲེལ་ཚོགས་པ་(WTO)ནང་མཛུལ་པ་ནས་བཟུང་། ཁོང་གཉིས་བར་གྱི་ཚོང་ལས་འབྲེལ་བ་དེའང་ཚོགས་པའི་གཏན་འབེབས་བྱུང་བའི་སྒྲིག་སྲོལ་འོག་ཏུ་འགྲོ་དགོས་པ་དང་དེའི་སྟངས་འཛིན་འོག་ཏུ་གནས་ཡོད་ཕྱིན། རྒྱ་ནག་གིས་ཉི་ཧོང་ནས་ནང་འདྲེན་ཚོང་བཟོ་སོགས་ལ་བཀག་དོམ་བྱེད་དགོས་བསམ་ནའང་། གཞུང་འབྲེལ་གྱིས་དེ་ཉིད་བཀག་ཐབས་མེད་པ་རེད། ཉི་ཧོང་གི་ཚོང་བཟོ་ཕོན་ཆེན་རྒྱ་ནག་གི་ཁྲོམ་རྭ་རུ་མཚོང་འབྲེལ་བྱེད་ཀྱིན་ཡོད་པ་དང་། རྒྱ་ནག་མི་དམངས་རྒྱ་ཆ་དགུ་བཅུ(90%)ཙམ་གྱིས་ཉི་ཧོང་གི་ཚན་རྩལ་ཡར་ཐོན་ལྡན་ཞིང་སྤུས་ཀ་ཆེ་ལྡན་ཅན་གྱི་ཚོང་བཟོ་ཉོ་བཞིན་ཡོད། དེས་ཉི་ཧོང་ལ་ལོ་རེར་ཁེ་བབས་ཨ་སྒོར་དུང་བྱུར་མང་པོ་སྤྲོད་ཀྱིས་ཡོད། ཉེ་བའི་ཆར་རྒྱ་ནག་ནང་མི་དམངས་ཀྱི་ལས་འགུལ་ཚར་ཚར་འུར་འུར་ཞིག་སྤེལ་དང་སྤེལ་མུས་རེད། དེ་ནི་མི་དམངས་ནང་ཁུལ་ནང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་སྤེལ་པ་དེ་རེད། རྒྱ་ནག་ནང་ཁུལ་གྱི་མཁས་དབང་མང་པོ་དང་སྤྱི་ཚོགས་ནང་གནོད་ཤུགས་ཡོད་པའི་སྣེ་ཡོད་ཚོགས་སྒེར་མང་པོ་མ་སྐུལ་དང་ལངས་ཀྱིས་རྒྱ་ནག་རྒྱལ་ནང་གི་ས་ཁུལ་མང་པོར་སོང་ནས། ཉི་ཧོང་གིས་རྒྱ་ནག་ལ་དེ་སྔོན་སྡུག་པོ་བཏང་བའི་ལོ་རྒྱུས་ངོ་སྤྲོད་གནང་པ་དང་སྦྲགས། རྒྱ་ནག་མི་དམངས་ཀྱི་ཉི་ཧོང་རྒྱལ་ཁབ་ལ་ལོ་རེ་ཁེ་བབས་ག་ཚོད་སྤྲོད་ཀྱིས་ཡོད་མེད་དང་། ཇི་ལྟར་སྤྲོད་ཀྱིས་ཡོད་མེད། རང་ཉིད་ཀྱི་དགྲ་བོ་ལ་དཔལ་འབྱོར་ཕན་པ་ག་ཚོད་བསྒྲུབ་ཀྱི་ཡོད་མེད་སོགས་གཏམ་བཤད་གནང་པ་མ་ཚད། རྒྱ་ནག་མི་དམངས་ཀྱི་རང་ཉིད་རྒྱལ་ཁབ་ལ་བདག་དབང་སྲུང་སྐྱོབ་ཇི་ལྟར་དགོས་མིན་དང་། མ་འོངས་རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེ་བསྐྲུན་པའི་ཐབས་ཤས་སོགས་ངོ་སྤྲོད་དང་གཏམ་བཤད་བྱས་པ་སོགས་རྒྱལ་གཅེས་བསམ་བློ་གོང་མཐོར་གཏོང་གི་ཡོད་། ལས་འགུལ་དེས་ད་ཆར་རྒྱ་ནག་ནང་ཤུགས་རྐྱེན་ཆེས་ཆེར་སྤྲོད་ཀྱིས་ཡོད་ལ། ཉེ་བའི་ཟླ་ཤས་རིང་། རྒྱ་ནག་མི་དམངས་ཁྲི་ཚོགས་ཀྱིས་ཉི་ཧོང་གི་ཟ་ཁང་དང་ཚོང་ཁང་སོགས་གཏོར་སྐྱོན་བྱས་པ་མ་ཟད། ཉི་ཧོང་ནས་ནང་འདྲེན་བྱས་པའི་དངོས་རྫས་དཔེར་ན་གློག་ཀླད་དང་ལག་ཐོག་ཁ་པར། མོ་ཏྲ་དང་གཟུགས་མཐོང་གློག་འཕྲེན། ཐ་ན་ཟ་ཆས་རིགས་སོགས་ཉོ་པར་མཚམས་འཇོག་གང་ཐུབ་བྱེད་ཀྱིན་ཡོད་ལ།ཉི་ཧོང་ལ་སྤྲོ་འཆམ་འགྲོ་བའི་འཆར་གཞི་སོགས་ཀྱང་མེད་པར་བཟོས་ནས། ཉི་ཧོང་གིས་རྒྱ་ནག་ཁྲོམ་རྭ་རུ་འཛིན་བའི་དཔལ་འབྱོར་ཁྲོམ་ས་དང་ཁྲོམ་རྫས་སོགས་ལ་བྱུང་མྱོང་མེད་པའི་གྱོང་རྒུད་ཕོག་ཡོད་ལ། ཉི་ཧོང་ཚོང་རྫས་གཙོ་བོར་བྱེད་པའི་རྒྱ་ནག་དང་ཉི་ཧོང་གི་ཚོང་པ་མང་པོ་ཁོག་པའི་ནང་མེ་འབར་ནའང་རྣ་གུག་ནང་དུར་བ་མི་ཐོན་པ་བཟོ་བཞིན་ཡོད།

རྒྱ་ནག་ཁྲོམ་རྭ་ནས་བྱུང་བའི་ཉི་ཧོང་གི་དཔལ་འབྱོར་ཁེ་བབས་ནི་ཉི་ཧོང་གཞུང་གི་དཔལ་འབྱོར་ཡོང་ཁུངས་ཆེ་ཤོས་ཤིག་ཡིན་པ་དང་། དེས་ཉི་ཧོང་མི་དམངས་ལ་ལོ་རེར་ལས་རིགས་བརྒྱ་ཕྲག་མང་པོ་བསྐྲུན་གྱིས་ཡོད་ལ། ཉི་ཧོང་མི་མང་པོ་ལ་ལས་ཀའང་རག་གི་ཡོད། ད་ཆར་རྒྱ་ནག་མི་དམངས་ཀྱིས་རང་འགུལ་ནས་ཉི་ཧོང་ཚོང་བཟོ་ལ་ངོ་རྒོད་ཚབ་ཆེན་བྱུང་པ་ནི་ཉི་ཧོང་ལ་དཔལ་འབྱོར་དོ་ཕོག་འཚབ་ཆེན་འགྲོ་བའི་ཉེས་ཁ་ཞིག་ལ་བརྩིས་ཀྱིན་ཡོད། འཛམ་གླིང་ནང་དཔལ་འབྱོར་མཁས་པ་མང་པོ་ཞིག་གིས།གལ་སྲིད་རྒྱ་ནག་མི་དམངས་ཀྱིས་ཉིན་གཅིག་རིང་ཉི་ཧོང་གི་ཚོང་རྫས་མ་ཉོས་པ་ཡིན་ན། ཉི་ཧོང་གཞུང་ལ་ཨ་སྒོར་ས་ཡ་མང་པོ་གྱོང་རག་གིས་ཡོད་པ་དང་། གལ་སྲིད་དེ་བཞིན་ཟླ་བ་གཅིག་གི་རིང་ངོ་རྒོད་བྱེད་པ་ཡིན་ན། ཉི་ཧོང་ལ་མི་སྟོང་ཕྲག་མང་པོ་ལས་མེད་གྱུར་ཉེས་ཆེ་པ་དང་། གལ་སྲིད་འདི་ལྟར་ལོ་གཅིག་གཉིས་སོང་པ་ཡིན་ན་ཉི་ཧོང་གི་བཟོ་གྲྭ་མང་པོ་སྒོ་རྒྱག་དགོས་ཡོང་ཚུལ་སོགས་བཤད་ཀྱིན་ཡོད་ལ། ད་དུང་ཁོང་ཚོ་མང་པོས་མཐར་ཉི་ཧོང་གིས་རྒྱ་ནག་ལ་དགོངས་དག་ཐུགས་བརྟེན་གྱི་འབོད་སྐུལ་ཞུ་དགོས་སྲིད་ཀྱང་གསུངས། གང་ལྟར་ཀྱང་མི་དམངས་ནང་ཁུལ་ནས་ཆིག་སྒྲིལ་གྱིས་རྣམ་པའི་ཐོག་འདི་ལྟར་ངོ་རྒོད་གནང་པ་ནི་ནུས་ཤུགས་ཆེས་ཆེར་ལྡན་པ་ཞིག་ཡིན་པ་དང་། འཛམ་གླིང་སྤྱི་ཁྲིམས་དང་ཚོང་ཪྭ་སྒྲིག་གཞི་སྲོལ་གྱིས་ཀྱང་སྟངས་འཛིན་མི་ཐུབ་པ་དང་མི་ཆོག་པ་ཞིག་ཡིན་ཕྱིན།དེས་ནུས་པ་ནི་སུས་ཀྱང་འགྲན་ཟླ་བྲལ་བ་ཞིག་ཡིན་པ་རེད།འདི་ནི་རྒྱལ་གཅེས་བསལ་བློ་སྤེལ་བའི་རླབས་ཆེན་གྱི་ནུས་པ་དེ་རེད།

ང་ཚོ་བོད་པའི་སྤྱི་ཚོགས་ལ་མཚོན་ན། ནམ་རྒྱུན་དུ་ང་ཚོས་རྒྱ་ནག་ལ་ངོ་རྒོད་བྱེད་ཀྱིན་ཡོད་པ་དང་། རྒྱ་ནག་གིས་ད་བར་ང་ཚོའི་སྤུན་ཟླ་ཚོར་གནར་གཅོད་དང་སྡུག་པོ་གཏོང་པར་ཁོང་ཁྲོ་ལངས་བསྡད་ཡོད་པ་རེད་མོད། དོན་དངོས་ཐོག་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདིས་ཀྱང་རྒྱ་ནག་དཔལ་འབྱོར་ཁེ་བབས་ལ་ཞབས་འདེབས་ཞུ་གིས་ཡོད་པ་རེད། དཔེར་ན་ང་ཚོ་བོད་པ་ཚོས་བལ་ཡུལ་དང་རྒྱ་གར་སོགས་ལ་ཚོང་གཉེར་བྱེད་པའི་ཚོང་པ་མང་པོའི་ཚོང་ཁང་ནང་རྒྱ་ནག་ནས་ཐོན་པའི་ཚོང་རྫས་འབའ་ཞིག་གཉེར་བསྡད་ཡོད་པ་རེད་ལ། བོད་པ་སེར་སྐྱ་སུས་ཡིན་ཡང་རྒྱ་མིའི་ཚོང་བཟོ་ལ་དགའ་མོས་དང་ཉོ་འདྲེན་བྱེད་བཞིན་ཡོད། དེ་ནི་ང་ཚོས་རང་ཉིད་ཀྱི་དགྲ་བོ་ལ་ངོ་གསོ་བྱེད་པའི་ལག་བསྐྱེས་ཤིག་ཀྱང་རེད་སྙམ། རྒྱ་ནག་ནི་ང་ཚོའི་དགྲ་ཁ་གཏད་ཡིན་ནའང་། མཚམས་མཚམས་ང་ཚོའི་རྒྱ་ནག་མི་དམངས་ནས་སློབ་སྦྱོང་མང་པོ་ལེན་རྒྱུ་ཡོད། བོད་ནས་ཡོང་བའི་བོད་པ་མང་པོས་མཁྱེན་རྒྱུ་རེད། སྔོན་ཆད་ང་ཚོ་བོད་ལ་ཡོད་དུས་ཉི་ཧོང་དང་རྒྱ་ནག་གཉིས་དམག་འཐབ་བྱེད་པའི་གློག་བརྙེན་ལ་ལྟ་དུས། ང་ཚོས་ནམ་ཡང་རྒྱ་མི་ལ་ང་ཚོ་ཞེས་འབོད་པ་དང་། ཉི་ཧོང་ལ་དགྲ་བོ་ཞེས་འབོད་སྲོལ་ཡོད་ཨཱ། དེ་ནི་གཙོ་བོར་རྒྱ་ནག་གཞུང་སྒེར་གཉིས་ཀྱིས་ང་ཚོར་ཆུང་དུས་ནས་གློག་བརྙེན་དང་དེབ། གཞེས་སྣ་དང་རྩེད་རིགས་སོགས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་བག་ཆགས་གཏིང་གཟབ་འཇོག་པའི་ཉེས་ལེན་རེད་དྲན། ད་དེང་ཆར་རྒྱ་ནག་གི་མཁས་པ་དང་སྙན་གྲགས་ཆེ་བའི་མི་སྣ་མང་པོ་སློབ་གྲྭ་ཁག་དང་གྲོང་གསིབ་ཁག་ལ་འགྲོ་ནས་དེ་རིགས་ཀྱི་སློབ་གསོ་དང་བསམ་བློ་སྤེལ་བཞིན་པ་རེད། ལས་འགུལ་འདིའི་རིགས་ང་ཚོ་ལའང་དགོས་ངེས་རེད། ང་ཚོ་ནམ་རྒྱུན་དུ་དེང་དུས་ཀྱི་བོད་རིགས་ན་གཞོན་དང་མཐོ་སློབ་སློབ་མ་སོགས་ལ་མི་རིགས་ལ་གཅེས་བའི་རྒྱལ་གཅེས་བསམ་བློ་མི་འདུག་ཅེས་སྐྱོན་འཛུགས་བྱེད་པ་དེས་ཕན་གྱི་མ་རེད་ལ། དུས་ནམ་ཡང་གཞན་ལ་རེ་བ་ཆེ་བཅངས་དང་རང་ཉིད་སྒྲིག་འཛུགས་དང་ཚོགས་པ་ནས་དེའི་ཐད་ཕྱག་ལས་གང་ཡང་མ་གནང་ན། དེ་ནི་བྱབ་ཆུང་རེད་ལ་དོན་ཕན་མི་ཡོང་པ་ཞིག་རེད། རྒྱ་ནག་ནང་སློབ་མ་ཚོས་མཁས་དབང་དང་སྙན་གྲགས་ལྡན་པའི་མི་སྣ་ཚོས་ཚོར་བ་དྲག་པོས་དེ་ལྟར་གསུང་དུས་མཚམས་རེར་མིག་ཆུ་ཡོང་པ་དང་། ལན་རེར་གདོང་ལ་ཁྲོ་ཉམས་ཐོན་པ་སོགས་སེམས་འགུལ་ཐེབས་པའི་རྣམ་པ་དང་གྲུབ་འབྲས་ཡོང་ན། ང་ཚོའི་བོད་པའི་གཞོན་སྐྱེ་ཚོ་ལ་དེ་ལྟར་གྱི་ཚོར་བ་ཡོང་མི་ཐུབ་པར་མི་སྲིད། ང་ཚོའང་མི་རེད་ལ་ཁོང་ཚོ་དང་གཅིག་མཚུངས་ཀྱི་ཚོར་བ་ལྡན་པ་ཤ་སྟག་རེད། ང་ཚོའི་ནམ་རྒྱུན་དུ་ནས་༧གོང་ས་མཆོག་གཅིག་པོས་བཀའ་སློབ་གནང་ན་འགྲིག་གི་རེད་བསམ་པ་དེ་ནོར་འཁྲུལ་རེད་ལ། མཚམས་རེར་ང་ཚོས་ཆོས་པ་ཚོས་གསུང་མི་བདེ་བའི་སྐད་ཆ་མང་པོ་ང་ཚོས་བཤད་ཐུབ་ཀྱི་རེད་ལ། སོ་སོ་དང་མཉམ་པའི་སྐྱེ་བོ་ཕལ་པ་རྣམས་ལ་ཚོར་བ་དམིགས་བསལ་དེ་འདྲ་སྤྲོད་ཐུབ་ཀྱི་རེད། དེ་ཚོའི་རིགས་ལ་དགོངས་པ་བཞེས་པར་གལ་ཆེ་སྙམ།

དེང་སང་གྲོས་ཚོགས་སུ་སྤྱི་འཐུས་མང་པོས་ཀྱང་ང་ཚོས་ལས་འགུལ་མང་པོ་སྤེལ་དགོས་སྐོར་མང་པོ་གསུངས་སོང་མོད། ལས་འགུལ་ག་རེ་སྤེལ་དགོས་མིན་ཐད་སྤྱི་འཐུས་སུ་ལའང་གསུང་རྒྱུ་མི་འདུག  ངས་བསམ་པར་ང་ཚོས་ག་དུས་ཡིན་ནའང་འགྲོ་སོང་ཕོན་ཆེ་དང་། མི་ཚོགས་རྒྱ་ཆེ་ལྡན་པའི་ལས་འགུལ་རྐྱང་རྐྱང་སྤེལ་དགོས་པ་ངེས་པར་མེད་བསམ། གང་ལྟར་ཀྱང་རྒྱ་ནག་ལ་མི་འདོད་པའི་ལས་འགུལ་ཆེ་ཕྲ་ག་རེ་སྤེལ་ནའང་འགྲིག་སྙམ། འཚམས་འཚམས་ང་ཚོའི་ཆབ་སྲིད་ཀྱི་གནས་དོན་ཆུང་ཚགས་རིགས་ལ་རྣམ་འཇོག་མེད་པས། སོ་སོ་རང་ཉིད་ལ་དཀའ་ལས་མང་པོ་བཟོ་བཞིན་ཡོད། མི་དམངས་ཚོ་ནས་ཀྱང་ང་ཚོའི་བཤགས་ཟིན་དཔའ་བོ་དཔའ་མོ་ཚོས་གནང་བའི་རང་སྲོག་མེ་བསྲེག་གི་ལས་འགུལ་ནང་བཞིན་སྤེལ་མ་ཐུབ་ནའང་། སོ་སོ་རང་ཉིད་མ་སྐུལ་དང་ལངས་ཀྱི་ལས་འགུལ་མང་པོ་སྤེལ་ཆོག་པ་རེད།  དཔེར་ན་བཙན་བྱོལ་བོད་པ་ཚོས་རྒྱ་ནག་གི་ཚོང་རྫས་མ་ཉོ་དང་། ཉེ་བའི་ཆར་ང་ཚོའི་བཀའ་ཤག་སྐབས་བཅུ་བཞི་པ་ནས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་བརྒྱ་སྐོར་ཞིག་གིས་བོད་དོན་ཐད་རྒྱབ་སྐྱོར་གྱིས་གྲོས་ཆོད་འཇོག་པ་དང་ཉི་ཧོང་གིས་ང་ཚོའི་བོད་དོན་ལ་རྒྱབ་སྐྱོར་བྱེད་པར་ཡི་རངས་ཞུ་གིས་ཡོད། དེ་ཡིན་ན་ང་ཚོའི་སྒྲིག་འཛུགས་ངོས་ནས་ད་ཐེངས་གོ་སྐབས་འཛིན་ཏེ་ཉི་ཧོང་གི་ཅ་ཀ་རང་གཞུང་ལ་གང་མཁོ་ངང་མང་ཙམ་ཉོས་དང་། དེ་མ་ཚད་གནས་ཚུལ་དེ་ཉིད་དྲ་ལམ་དང་གསར་གྱུར་ལམ་ཁག་གང་མང་ལ་ཐོན་པར་བྱོས་དང་། སྤྱིར་ང་ཚོའི་སྒྲིག་འཛུགས་ཀྱིས་ཉི་ཧོང་དཔལ་འབྱོར་ཁ་གསབ་ཐུབ་པའི་ཅ་དངོས་ཉོ་མི་ཐུབ་ནའང་། ཉི་ཧོང་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་དང་རྒྱ་ནག་ལ་ངོ་རྒོད་ཡོད་པའི་རྣམ་པ་ཞིག་སྟོན་ཐུབ་ཀྱི་རེད། གནས་དོན་འདི་ལྟ་ཚོད་ལ་ཆུང་མོད་ཆབ་སྲིད་ཀྱི་དོན་སྙིང་ཆེས་ཆེར་ལྡན།

ཐེངས་འདིའི་རྒྱ་ནག་དང་ཉི་ཧོང་དབར་གྱི་ས་དབང་བདག་འཛིན་གྱི་གནས་དོན་འདིས་ང་ཚོའི་གཞུང་དམངས་གཉིས་ལའང་ཆབ་སྲིད་ཀྱི་བློ་ཁ་ཁ་ཤས་ཕྱེད་ཐུབ་སྙམ། ང་ཚོས་ནམ་རྒྱུན་དུ་ཐེ་ཝེན་དང་བོད་གཉིས་ནི་ཁབ་རྩེ་གཅིག་ཏུ་གནས་པའི་ཆབ་སྲིད་ཀྱི་གནད་ཐུག་གྲོགས་པོ་གཉིས་ཡིན་ཚོད་འདོད་ལ། ང་ཚོ་རྒྱུན་དུ་ནས་ཐེ་ཝེན་དང་མཛའ་འབྲེལ་གང་ཐུབ་བྱེད་ཀྱིན་ཡོད། ཡིན་ནའང་། གྲོགས་པོ་ཚོ། ཁྱེད་ཚོས་འགག་རྩ་ལ་ཐུབ་དུས་ཐེ་ཝེན་ནི་ང་ཚོ་བསམ་པ་བཞིན་ཁབ་རྩེ་གཅིག་གི་སྟེང་གནས་པའི་འཐབ་གྲོགས་གཅིག་མིན་པར་ཨེ་རྟོགས། དེའི་ཐད་ནམ་རྒྱུན་ནས་བསམ་བློ་གཏོང་མྱོང་ཨེ་ཡོད་དམ། འཛམ་བུ་གླིང་འདིའི་སྒང་གནས་པའི་གཞུང་འཛིན་སྤྱི་སྒེར་སུ་དང་གང་ཡིན་རུང་རང་ཉིད་ཀྱི་ཁེ་བབས་སྒང་ཐུབ་ཡོང་དུས། ངོ་ཚ་དང་ཁྲལ་མེད་པ་རེད། དཔེར་ན་ཐེ་ཝེན་ལ་ཆ་མཚོན་ན། ནམ་རྒྱུན་དུ་ཁོང་ཚོས་རྒྱ་ནག་ལ་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱེད་ཀྱིས་ཡོད་མོད། ཡིན་ནའང་མཚོ་ས་འདིའི་སྒང་ཐུབ་དུས། ཁོང་ཚོས་རྒྱ་ནག་ལ་ཕྱོགས་བྱེད་པ་རེད། དེ་ནི་ཁོང་ཚོས་མཚོ་སའི་བདག་དབང་འདི་ཉིད་རྒྱ་ནག་ལ་རག་ཐབས་བྱེད་པ་ནི་མ་འོངས་པར་ཁོང་ཚོའི་ཆབ་སྲིད་ལ་དོ་ཕོག་ག་འདྲ་བྱུང་ནའང་ཁེ་ཕན་ཡོད་པ་ཞིག་མཐོང་བསྡད་ཡོད། འདི་ནི་ཁོང་ཚོས་ཆབ་སྲིད་འཁྲབ་སྟོན་ནང་གི་ལེའུ་ཞིག་ཡིན་པ་རེད་ལ། མ་འོངས་པར་ཁོང་ཚོའི་འཁྲབ་སྟོན་ལེའུ་འདི་རིགས་ཤིག་ང་ཚོའི་ཐོག་འཁྲབ་ཡོང་པར་སོམ་ཉི་མེད་སྙམ། དེ་ནས་ཨ་རི་ལ་མཚོན་ན། ཉི་ཧོང་ནི་ཨ་རི་རྒྱལ་ཁབ་ཀྱི་རྒྱུན་དུ་ནས་སྲུང་སྐྱོབ་དང་རོགས་རམ་བྱེད་པའི་རྒྱལ་ཁབ་ཞིག་ཡིན་ལ། ཉི་ཧོང་གིས་ཀྱང་རང་ཉིད་ཀྱི་རྒྱབ་ཏུ་ཨ་རི་ཡོད་བསམ་པའི་བློ་སྟོབས་ཤིག་ཀྱང་ཡོད་མོད། ད་ཐེངས་མཚོ་སའི་བདག་དབང་འཐབ་འཛིང་འདིའི་ཐད་ཨ་རི་ནས་གང་ཐུབ་གྱི་ཁུར་སིམ་མེར་སྡོད་ཐབས་བྱེད་པ་ལས། དངོས་གསལ་གྱིས་ཉི་ཧོང་ལ་རྒྱབ་སྐྱོར་གང་ཡང་བྱེད་མེད་པ་མ་ཟད་། ད་དུང་ཨ་རི་གནས་ཡོད་མི་སྣ་འགའ་ཤས་ཀྱིས་རྒྱ་ནག་ཕྱོགས་སུ་ལངས་ནས་སྒེར་གྱི་བསམ་ཚུལ་བཤད་ཀྱིན་ཡོད། དེ་ནི་ཨ་རི་གཞུང་ནས་རང་ཉིད་ཀྱིས་རྒྱལ་ཁབ་འདི་གཉིས་ཀ་ས་ནས་ཁེ་བབས་རག་པ་དེར་དོ་ཕོག་མི་ཡོང་པར་འདོད་པ་ལས། གཞན་རྒྱུ་མཚན་གང་ཡང་མེད།

དེ་ནས་ཉི་ཧོང་དང་རྒྱ་ནག་གཉིས་ཀྱི་རྩོད་གླེང་འདིའི་རིང་ང་ཚོ་བོད་རིགས་དཔལ་བོ་དཔལ་མོ་མང་པོ་ཞིག་གིས་རང་ཉིད་ཀྱི་སྐུ་ལུས་མཆོད་མེར་ཕུལ་ཡོད་པ་རེད་ལ། གཞིས་བཞུགས་བོད་རིགས་མང་པོ་དང་ས་ཁུལ་མང་པོ་ནས་རྒྱ་ནག་ལ་མི་འདོད་པའི་ངོ་རྒོད་ཆེ་ཕྲ་ཆུང་གསུམ་གང་ཐུབ་ཀྱི་སྤེལ་གནང་མཛད་པ་རེད་མོད། འོན་ཀྱང་ཁོང་ཚོའི་ལས་འགུལ་དེ་དག་ང་ཚོའི་བོད་པའི་བཙན་བྱོལ་སྤྱི་ཚོགས་སུ་མཁྱེན་རྟོགས་གང་ཡོད་གནང་པ་དང་། བོད་པའི་གསར་གྱུར་རྒྱུད་ལམ་ཁག་ལ་ཐད་གཏོང་དང་ངོ་སྤྲོད་གནང་པ་ལས། འཛམ་གླིང་ཐོག་སྙན་གྲགས་དང་ཁྱབ་རྒྱ་ཆེ་བའི་རྒྱུད་ལམ་ག་ཚོད་ནང་སླེབས་སོང་ངམ། འཛམ་གླིང་ནང་མཁྱེན་ལྡན་མང་པོས་ཀྱང་བོད་པ་མང་འཆི་བཞིན་ཡོད་པ་དང་གསོད་བཞིན་ཡོད་ནའང་གསར་གྱུར་རྒྱུད་ལམ་ཁག་ནས་འདོད་བློ་ཚིམས་པ་ཞིག་ཁྱབ་བསྒྲགས་མ་བྱེད་པ་ནི་ང་ཚོའི་འགྲོ་བ་མིའི་རིགས་ཀྱི་ཞབས་འདྲེན་རེད་ཅེས་སྐྱོན་བརྗོད་བྱས་ཡོད། གནས་དོན་འདིས་གཙོ་བོར་ང་ཚོའི་བོད་དོན་ལ་རྒྱ་ནག་གི་སྣང་མེད་གཏོང་པ་དང་བོད་པ་འདི་ནི་འཛམ་གླེང་རྒྱལ་ཁབ་གཞན་ལ་དེ་ཙམ་གྱི་ཕན་པ་མི་ལྡན་པ་སོགས་འདོད་ནས་སྣང་ཆུང་གཏོང་པ་རེད་ལ། ང་རང་ཚོ་སྒྲིགས་འཛུགས་ངོས་ནས་ཀྱང་བོད་འདི་ཇི་ལྟར་གྱིས་འཛམ་གླིང་སྤྱི་ལ་ཕན་མིན་ཐད་དྲིལ་བསྒྲགས་གནང་པ་མ་འདང་པ་རེད་སྙམ།

Share this:
༧༦ ཀློག་གྲངས།