དགག་རྩའི་དུས་ལ་གཟབ་དགོས་ཨང་།

སྤྱིར་དེང་སང་གི་འཛམ་གླིང་ནི་དམངས་གཙོ་དང་རང་དབང་འདྲ་མཉམ་བཅས་ཆེས་ཆེར་དོན་དུ་གཉེར་བའི་སྐབས་ཡིན་པས་སྨྲ་བརྗོད་རང་དབང་དང་རང་ཐག་གཅོད་སོགས་གང་ཡངབ་ཡོད་ཆོག་མོད། རང་ཉིད་ཀྱི་གནས་ཚད་དང་སྤྱི་ཚོགས་ཧྲིལ་པོའི་གནས་བབ་བཅས་ལ་ཞིག་སྟེ་སྨྲ་འབྲི་ལས་གསུམ་བྱེད་དགོས་པ་ལས་རང་འདོད་ལྟར་གང་དྲན་དང་གང་བདེ་རུ་བཤད་ན་རང་ཉིད་སྤྱི་ཚོགས་ཀྱི་ཐུག་རྐྱལ་ཞིག་ཏུ་འགྱུར་ངེས། ཡང་སྒོས་བཙན་བྱོལ་སྤྱི་ཚོགས་སུ་སྨྱུག་ཐོག་པ་དང་བསམ་བློ་བ་ཡིན་ཟེར་མཁན་མང་ལ་སྤྱི་ཚོགས་ཀྱི་འགན་མི་ཁུར་མཁན་མང་བས་གཟབ་དགོས།

སྨྲ་བརྗོད་རང་དབང་ཡིན་པ་བདེན་ན་ཡང་མགོ་མཇུག་མ་ཤེས་པའི་རང་དབང་དང་དམངས་གཙོ་མ་ཡིན་པས་སྨྱུག་ཐོག་པ་ཚོས་གཟབ་དགོས། གསོ་དཀའ་བའི་མཁས་པ་དང་། བསམ་ཚེ་འབྲི་བའི་སྨྱུག་ཐོག་པ་ནི་སྤྱི་ཚོགས་ཀྱི་ཁུར་པོ་ཞིག་ལས་སྣེ་འཁྲིད་པ་དང་མདུན་མཆོངས་པ་ཞིག་གཏན་ནས་མིན་པས་སྨྱུག་ཐོག་པ་ཚོས་གཟབ་དགོས་ཨང་། དེང་སང་རྡ་སའི་རི་ལྡེབས་སུ་ཚོགས་སྐྱིད་༡༡་དང་གཞོན་ནུ་ཚོགས་པ། ཡང་ན་དབུ་མའི་ལམ་དང་རང་བཙན་སོགས་ལྟ་གྲུབ་དང་ལངས་ཕྱོགས་མ་མཐུན་པའི་གནས་ཚུལ་དེ་དག་ནི་དོན་དངོས་སུ་བོད་པ་ཚང་ཁ་ཐོར་དུ་གཏོང་བའི་ནང་མཚོན་ལྟ་བུར་མཐོང་བས་སྲིད་དོན་པ་དང་མི་མང་གླེན་པ་ཚོས་གཟབ་དགོས་ཨང་། གཞོན་ནུའི་ཆོད་སེམས་ལ་ལྷད་མེད་པ་བདེན་ན་ཡང་། རྔ་ལ་དཔག་པའི་འཆམ་འཁྲབ་ན་བཟང་བར་ངེས། རྒྱུ་མཚན་ནི་བོད་རྡོག་རྩ་གཅིག་སྒྲིལ་མེད་པར་ནང་ཁུལ་ཕར་སྡང་ཚུར་སྡང་བྱས་ནས་བསྡད་ན་དེ་ནི་བོད་ཀྱི་རྩ་དོན་དང་རིག་གཞུང་གང་ལ་ཡང་ཕན་པ་ལས་གནོད་ཆེ་བ་ཡོད། ལྷག་པར་དུ་ནང་ཁུལ་གྱི་རྙོག་གླེང་དང་འཐབ་འཁྲུག་ནི་དགྲ་བོའི་ལག་ཆ་ཡག་ཤོས་དེ་ཡིན་སྟབས། ང་ཚོ་ཕྱི་དགྲ་ལས་རྒྱལ་དགོས་ན་ནང་ཁུལ་མཐུན་སྒྲིལ་བྱེད་དགོས་པ་ལས་དགྲ་བོར་གོ་སྐབས་སྤྲོད་མི་རུང་བ་དེ་ཡང་གོང་གི་དབུ་འཛིན་དང་འོག་གི་ཆབ་འབངས། སྨྱུག་ཐོག་པ་དང་སྲིད་དོན་པ་ཚང་མས་གཟབ་དགོས་ཨང་།

Share this:
༡༦༩ ཀློག་གྲངས།