གསར་འགྱུར།

སྲིད་སྐྱོང་ཞེས་པ་བཅའ་ཁྲིམས་ཀྱི་ཚིག་རིས་སུ་གྱུར་པའི་སྔ་རྗེས།

ཉན་འདོད་པའི་གསར་འགྱུར་ཞིག་ལ། ད་ལྟ་ནི་བོད་ཀྱི་བྱུང་རབས་ནང་མང་གཙོའི་འཕེལ་ཚད་ཆེས་མཐོ་ཤོས་སུ་གྱུར་པའི་དུས་ཚོད་ཅིག་ཡིན་པ་དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་བའི་ཉིན་དྲུག་པར། བོད་ཀྱི་བཀའ་བློན་ཁྲི་པ་བོད་ཀྱི་སྲིད་སྐྱོང་བར་བསྒྱུར་ཏེ་ཁྲིམས་སུ་བཅས་ཡོད་པ་རེད།

དེ་ནི་བློ་བཟང་སེང་གེ་ཁོ་ནའི་ཆེད་དུ་མིན་པ་དང་། འབྲེལ་ཆགས་གུས་པའི་བསམ་ཚུལ་འདི་ཡང་མ་འོངས་པའི་བོད་ཀྱི་སྲིད་སྐྱོང་རྩ་འཛུགས་ལ་ཁེ་ཕན་བསྐྲུན་ཆེད་དུ་སེམས་འཁུར་བྱས་པ་ཡིན། ཁྲིམས་བཅོས་འདི་ལ་བརྟེན་ནས་བཀའ་བློན་གཞན་བདུན་ལ་མཚན་བསྒྱུར་ཁྲིམས་བཅོས་བྱ་ཨེ་དགོས་ཞེས་པའི་དྲི་བ་ཞིག་ངང་གིས་ཐོན་འོང་། བོད་ཀྱི་ ”བཀའ་བློན་ཁྲི་པ་” ལ་”བོད་ཀྱི་སྲིད་སྐྱོང་བ་”ཞེས་པའི་སྐད་གསང་མཐོ་རུ་ཕྱིན་དེ་བོད་ཀྱི་ཕྱོགས་ནས་ས་སྡིང་གནང་མཆོངས་བྱེད་པ་དང་༸རྒྱལ་བ་དགྱེས་པའི་མཆོད་པའང་ཐེངས་གཅིག་ཡིན་ཚོད། མཚམས་དེ་ནས་རྒྱ་ནག་ཀྱང་སེམས་སྡུག་གི་མུན་པ་ཞིག་ལ་ཐེངས་གཅིག་ལྷུང་པ་རེད། ཐ་སྙད་དེ་ཁྲིམས་ཚིག་ཏུ་གྱུར་པ་ནི་ཕྱི་ལོ་༢༠༡༢ ཕྱི་ཟླ་༩ ཚེས་༢༠ ཉིན་ཡིན་ཡང་། དོན་དངོས་ཐ་སྙད་དེ་ནི་བོད་རྒྱལ་ཁབ་ཆེན་པོ་ཆག་གྲུག་མ་ཤོར་བའི་དུས་སུ་མི་རབས་མང་པོར་བེད་སྤྱོད་བྱས་པའི་མིང་ཚིག་བྱིན་རླབས་ཅན་ཞིག་ཡིན། སྲིད་སྐྱོང་ཞེས་པར་ཁྲིམས་ཚིག་གིས་མཐོར་འདེགས་བྱ་རྒྱུར་ལོ་རྒྱུས་དང་དོན་དངོས། དུས་མཚམས་དང་བཅའ་ཁྲིམས་བཅས་ཀྱི་ཆ་རྐྱེན་ཡོངས་རྫོགས་མིག་སྔར་ལྡན་ཡང་འགོག་རྐྱེན་རིམ་པ་མང་པོའི་ཐེམ་པ་བརྒྱུད་དགོས་བྱུང་ཡོད་པ་རེད། དཔེར་ན། བོད་ཀྱི་སྲིད་སྐྱོང་ནི་བོད་དུ་མང་གཙོ་མ་དར་ཞིང་མང་གཙོའི་ས་བོན་གྱི་སྔ་བལྟས་འབྱུང་བཞིན་པའི་ཚེ་བོད་ཀྱི་སྲིང་སྐྱོང་སྟག་བྲག་གི་ས་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་རྩིས་བཞེས་མཛད་ཅིང་། བོད་ཀྱི་མང་གཙོའི་ས་བོན་དང་འབྱུང་ཁུངས་སུ་གྱུར་པའི་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་བོད་ལ་མང་གཙོ་བསྒྲུབས་ཏེ་མང་གཙོའི་གནས་བབ་ཚད་མཐོ་ཅན་དུ་གྱུར་བའི་དུས་སུ། མང་ཚོགས་ཀྱི་ཐད་ཀར་མོས་ཤོག་གི་ལམ་ནས་བོད་ཀྱི་བཀའ་བློན་ཁྲི་པ་ཐེངས་གཉིས་བདམས། མུ་མཐུད་བོད་ཀྱི་མང་གཙོ་ཚད་ཇེ་མཐོ་དང་ལང་ཚོ་ཇེ་རྒྱས་སུ་ཕྱིན་ཏེ་མང་ཚོགས་ཀྱིས་ཐད་ཀར་འོས་བསྡུའི་ཐོག་ནས། གནས་དུས་ཀྱི་ཤེས་བྱས་རབ་ཏུ་ཕྱུག་པའི་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་ན་གཞོན་བློ་བཟང་སེང་གེ་མཆོག་ལ་བཀའ་བློན་ཁྲི་པའི་འོས་ཀྱི་རྒྱལ་ཁ་གཙང་མ་ཕུལ་པ་རེད།

ཕྱི་ལོ་༢༠༡༢ ཕྱི་ཟླ་༨ ཚེས་༨ ཉིན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་དངོས་ཀྱིས་སྐུ་དབང་རྩིས་སྤྲོད་དང་བཀའ་ཁྲིའི་ཁྲི་འདོན་མཛད་སྒོའི་སྟེང་། “དེ་རིང་འདིར་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ཀྱིས་དབང་ཆ་རྩིས་སྤྲོད་བྱ་རྒྱུ་ཡིན། ”ཞེས་མཁས་དབང་བློ་བཟང་སེང་གེར་སྲིད་སྐྱོང་གི་མཚན་འདོགས་དངོས་སུ་གནང་། དེ་རྗེས་ཕྱི་ལོ་༢༠༡༢ ཕྱི་ཟླ་༦ ཚེས་༢༨ ཉིན་ཨི་ཊ་ལིའི་གྲོང་ཁྱེར་མི་ལཱན་དུ་༸གོང་ས་མཆོག་གིས་བསྐྱར་དུ། “ད་ཆ་བློ་བཟང་སེང་གེ་ལགས་སྲིད་སྐྱོང་གསར་པ་ཆགས་ཡོད། སྲིད་སྐྱོང་ལ་དབང་ཆ་རྩིས་འབུལ་ཞུས་པ་འདི། དངོས་གནས་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་ཞིག་འགྲུབ་པས་ཧ་ཅང་ཡག་པོ་བྱུང་།” ཞེས་བསྐྱར་དུ་ནན་གསུངས་མཛད། མི་མང་དང་འཐུས་མིས་འོས་ཤོག་གི་ལམ་ནས་བཀའ་ཁྲིར་བདམས་ཙམ་ལས་བོད་ཀྱི་སྲིད་སྐྱོང་བ་ཞེས་པར་ཁྲིམས་སུ་བཅའ་ཐུབ་མེད་པ་རེད། དེ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཡོངས་གྲགས་སུ་རྒྱུ་མཚན་དང་བཅས་སྔ་ཕྱིར་ལམ་སྟོན་ཐེངས་གཉིས་ཕེབས་པ་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་ཁྲིར་འོས་གཞིར་བཏོན་ཏེ་རྒྱལ་ཁ་ཐོབ་པར་གཙོ་ཁྲིད་བྱས་པས་མ་ཚད། ༸རྒྱལ་བའི་བཀའ་དགོངས་འགྲུབ་ཆེད། ཕྱི་ལོ་༢༠༡༢ ཕྱི་ཟླ་༨ ཚེས་༩ ཉིན་བོད་ཀྱི་སྲིད་སྐྱོང་བའི་ལོ་གཅིག་གི་ལས་དོན་གླེང་བ། ཞེས་རྒྱལ་ཡོངས་རང་བཞིན་གྱི་སྡིངས་ཆ་ཆེན་པོ་ཞིག་གཙོ་བསྐྲུན་ཞུས་ཀྱང་། སྐབས་དེའི་གཏམ་བཤད་པ་བཀའ་རྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ཉ་ཉུང་མཉམ་བསྲེས་ངང་སྲིད་སྐྱོང་ཞེས་པའི་མིང་ཚིག་དེར་ངོས་ལེན་མེད་པའི་རྙོག་བཤད་དང་སུན་འབྱིན་དགག་རྒྱག་རབ་རིབ་ཅིག་ཚོགས་ཐོག་ཏུ་སྤེལ། ཕྱི་ཟླ་༩ པའི་ཚེས་༢༠ ཉིན་སྲིད་སྐྱོང་ཞེས་པ་གཞུང་འབྲེལ་ཁྲིམས་བཅོས་ཁྲིམས་འཆར་གྱི་ཐོག་ནས་གྲོས་ཚོགས་ཀྱི་ཁྲིམས་བཟོའི་ཚོགས་འདུར་སླེབས་ཀྱང་། སྤྱི་འཐུས་ཀརྨ་ཆོས་འཕེལ་ཡར་ལངས་ཏེ་རྐང་བཙུགས་ནས་ཁྲིམས་བཅོས་ལམ་དུ་མི་འགྲོ་བར་རྩོལ་སྒྲུབ་བྱས་ནས་རྦད་དེ་གནམ་འོག་གི་ཟིང་ཆ་སློང་རྩིས་བྱས། དགེ་ལུགས་སྤྱི་འཐུས་སོགས་འཕྲལ་དུ་གྲོས་རར་བཞེངས་ནས་གསལ་བཤད་ནན་པོའི་ཐོག་དངོས་ཡོད་བདེན་པའི་དར་ཆ་བཙུགས་པ་དང་། འཐུས་མི་གཞན་རྣམས་ཀྱིས་ཆ་རྐྱེན་འཛོམས་པར་ཡིད་འཕྲོག་ཏེ་ཁྲིམས་བཅོས་དོན་གཉེར་ལ་རྒྱལ་ཁ་ཐོབ་པར་འབད་འབུངས་ཤུགས་ཆེར་གནང་། རྒོལ་གཟུགས་འཛིན་པ་པོས་སྐད་ཆ་དུམ་བུ་གཅིག་གིས་མདུན་ལམ་མི་རྙེད་པའི་ཉམས་མྱོང་ལག་ཏུ་ཉར་ནས། ཁོ་པའི་བསམ་འཆར་ཕམ་ཉེས་བྱུང་བར་ངོས་ལེན་གྱིས་གཞི་ནས་ཚོགས་ཞུགས་ཡོངས་རྫོགས་ཀྱིས་མཐོང་སར་ལག་པ་གནམ་ལ་བཀྱག་ནས་ངོས་ལེན་བྱས། དེར་རྟེན་བཅའ་ཁྲིམས་ལ་སྤྱི་མོས་ཀྱིས་བབ་བསྟུན་ཁྲིམས་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད་པ་རེད།

དེའི་གསར་འགྱུར་ནི་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་བའི་ཉིན་དྲུག་པར། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཁྲིམས་འཆར་བཏོན་པ་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་རྒྱབ་སྐྱོར་གནང་བའི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༣༩ པའི་ཐོག   བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༡༩ སོགས་ཀྱི་ནང་ “བཀའ་བློན་ཁྲི་པ” ཞེས་པའི་ཚབ་ཏུ་ “སྲིད་སྐྱོང་” ཞེས་བསྐྱར་བཅོས་གནང་རྒྱུར་སྤྱི་མོས་གཏན་འབེབ་བྱུང་ཞིང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་གཙོ་སྦྲེལ་པོའི་ཚབ་གནང་སྟེ་སྤྱི་འཐུས་ཡོངས་ལ་དེ་དོན་བསྔགས་བརྗོད་དང་འབྲེལ། ཁྲིམས་བཅོས་འདིས་སྲིད་སྐྱོང་མཆོག་གི་འགན་དབང་ལ་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་ཞེས་ཁྲིམས་དོན་མོས་རར་ཐད་སྒྲོག་གནང་།  ལྟོས་དང་། ༸གོང་ས་མཆོག་གིས་ཨུ་ཚུགས་ཀྱི་རྣམ་པའི་ཐོག་ནས་གནད་དོན་དེར་སྔ་ཕྱིར་ལམ་སྟོན་ཐེངས་གཉིས་ཕེབས་པ་དང་། སྤྱི་ཚོགས་དང་སྒེར་པ་ཤེས་ཡོན་པས་གནད་དོན་དེར་གནས་ལུགས་ལྡན་པའི་ཚ་འདེད་བྱས་པ། ལོ་རྒྱུས་དང་དངོས་ཡོད། ཁྲིམས་དང་དགོས་མཁོ་སོགས་གང་གི་ཆ་ནས་དགག་བྱ་མེད་ཅིང་ཕན་ནུས་ལྡན་པའི་དོན་གནད་དེར་ཁྲིམས་སུ་བཅའ་རྒྱུར། བར་ཆད་མི་ཉུང་བ་ཞིག་བྱུང་བ་འདིའི་སྟེང་ནས་ང་ཚོས་མཐོང་ཐུབ་པ་ནི། མི་བཀྱོག་བཀྱོག་གྲོས་ཀྱི་གཉེན་པོ་ཡིན། རྡོ་རིལ་རིལ་རྩེགས་པའི་དགྲ་བོ་ཡིན། ཟེར་བའི་ཁ་དཔེ་དེར་དྲན་གསོ་ཐེངས་གཅིག་ཐེབས་པ་དང་། བོད་ཀྱི་སྤྱི་ཚོགས་དེ་གུ་ཡངས་ཅན་དང་མང་གཙོ་ཡང་དག་པའི་ལམ་དུ་སླེབས་པར་ད་དུང་ཡང་ལོ་རབས་དང་མི་རབས་མང་པོར་འགོར་རྒྱུ་སྔོན་དཔག་ཐུབ་པ་དེ་རེད།

འདི་འདྲི་འདོད་དེ། འགོག་རྐྱེན་ཆེ་རུང་ལས་ཁུངས་གཞན་བདུན་གྱི་བཀའ་བློན་མཚན་བསྒྱུར་གྱི་ཁ་གསབ་ཁྲིམས་བཅོས་ཧུར་བརྩོན་ཆེན་པོས་རྩ་འཛུགས་གནང་དགོས་པ་ཞིག་ཨེ་ཡིན། བཀའ་ཁྲིར་མཚན་བསྒྱུར་བྱ་དགོས་པའི་རྒྱབ་ལྗོངས་ནི་བཀའ་བློན་གཞན་ལའང་མཚུངས་པ་སྟེ། དོན་དངོས་དང་ལོ་རྒྱུས་ལ་བསམ་བློ་བཏང་ན་བཀའ་བློན་ཁྲི་པ་གཅིག་དང་གཞན་ལས་ཁུངས་བདུན་གྱི་བཀའ་བློན་ཡོད་པ་ལྟར་ཚིག་རིས་ཀྱི་གོ་རིམ་བརྒྱུད་ན། བོད་ཀྱི་སྲིད་སྐྱོང་ཁྲི་པ། བོད་ཀྱི་ཆོས་རིག་སྲིད་སྐྱོང་། བོད་ཀྱི་ཤེས་རིག་སྲིད་སྐྱོང་། སོགས་བཅའ་ཁྲིམས་རིམ་བཅོས་གཏོང་འོས་མིན། ཡང་ན། བཀའ་ཁྲིར་བོད་ཀྱི་སྲིད་སྐྱོང་ཞུ་རྒྱུ་དང་། གཞན་བདུན་པོ་རེ་རེར་བོད་ཀྱི་ཆོས་རིག་འགན་འཛིན། བོད་ཀྱི་ཤེས་རིག་འགན་འཛིན་སོགས་རིམ་གྱིས་མཚན་འདོགས་ཁྲིམས་བཅོས་བྱ་རྒྱུ་བཅས་དགོངས་ཚུལ་གཞན་དང་གཞན་ཡང་སྤེལ་སྲིད་པ་རེད། གང་ལྟར་ཁྲིམས་བསྒྱུར་གྱི་ཁྱབ་ཁོངས་འདིར་དབྱེ་མཚམས་གསལ་པོ་མེད་ན་དེ་འབྲེལ་གྱི་ཁྲིམས་བཅོས་ལ་འཐུས་སྒོ་ཚང་བའི་སེམས་འཁུར་མི་བྱེད་པའི་འཁྲུལ་སྣང་ཡིག་ཐོག་ནས་སྤེལ་སྲིད་པ་ཞིག་ཡིན། ནན་ཏན་བྱ་དགོས་པ་ཞིག་ལ། ཕ་རོལ་པོས་བོད་གཞུང་དང་བཀའ་ཁྲི་ཚིག་བསྒྱུར་བྱས་པ་དེ་བློ་བཟང་སེང་གེའི་དུས་ཡུན་གཅིག་པུའི་ཆེད་དུ་རེད། ཅེས་འུད་སྒྲོག་མི་བྱེད་པའི་ངེས་པ་མེད། བསམ་ཚུལ་འདི་བློ་ལ་མི་བབ་པའི་སྐད་ཅོར་མཐོ་དམན་ཇི་ལྟར་བྱ་རུང་། ངས་སེམས་བཟང་གི་འདུ་ཤེས་འཆང་བར་ལམ་ལུགས་མགོ་རྟིང་བསློགས་པ་དང་སྒྲིག་ལམ་གཏོར་གཤིག་གཏོང་བར་ངོས་འཛིན་ནམ་ཡང་བྱ་མི་རུང་།

 

Share this:
༡༥༠ ཀློག་གྲངས།