དམིགས་བསལ་ཚོགས་ཆེན་ཐེངས་༢ པ་དབུ་འཛུགས།

mt2_2012_9_25ཟླ་འདིའི་ཚེས་༢༥ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ པའི་དགོངས་དོན་ལྟར་དམིགས་བསལ་ཚོགས་ཆེན་ཐེངས་༢ པ་དབུ་འཛུགས་གནང་སོང་ལ། ཉིན་བཞིའི་རིང་གི་ཚོགས་ཆེན་དེར་རྒྱལ་ཁབ་ཁག་༢༦ ནས་ཚོགས་བཅར་བ་ཁྱོན་མི་གྲངས་༤༠༤ མཉམ་ཞུགས་བྱས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་༩། ༣༠ ཀྱི་སྟེང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་གནང་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ པའི་དགོངས་དོན་ལྟར་བཀའ་སྤྱི་གཉིས་ནས་དམིགས་བསལ་ཚོགས་ཆེན་ཐེངས་༢ པ་དེ་བསྐོང་སོང་། དེ་ཡང་ཐོག་མར་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་བ་ཚང་མ་ཚོགས་ཁང་དུ་འབྱོར་རྗེས། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད། མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་རིང་བྱས་སོང་ལ། ཚོགས་ཁང་གི་ར་བའི་ནང་བོད་ནང་གི་རང་ལུས་མེར་བསྲེག་གཏོང་མཁན་༥༡ གི་གྲངས་ཁ་དང་མཉམ་པའི་བོད་ཀྱི་རྒྱལ་དར་༥༡ བང་བསྒྲིགས་ཏེ་བསྒྲེངས་འདུག

mt1_2012_9_25དེ་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། “དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་འདི་ཚུགས་དགོས་དོན་གཙོ་བོ་ནི་བོད་ནང་གི་ཛ་དྲག་གནས་སྟངས་ལ། ང་ཚོ་བཙན་བྱོལ་བོད་མི་ཚོའི་ངོས་ནས་གདོང་ལེན་བྱ་ཕྱོགས་སྐོར་གྱི་ཆེད་དུ་རེད། ད་ལྟ་བོད་ནང་དུ་རྒྱ་ནག་གཞུང་གིས་འདས་པའི་ལོ་ ༦༠ ནང་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་བཏང་དང་གཏོང་བཞིན་པའི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག མི་འབོར་སྤོ་ཤུགས་ཀྱི་ལས་གཞི་གཙོ་བོ་གྱུར་པའི་ཆབ་སྲིད་ཀྱི་རང་དབང་དང་། དཔལ་འབྱོར། སྤྱི་ཚོགས། སྐད་ཡིག ཆོས་དང་རིག་གཞུང། རང་བྱུང་ཁོར་ཡུག བོད་མིའི་འཚོ་བ་སྐྱེལ་སྟངས་བཅས་ལ་བརྩི་སྲུང་སྤུ་ཙམ་མེད་ཁར་གཏོར་བཤིག་བྱེད་རྐྱང་བྱས་སྟབས། བོད་ནང་གི་བོད་མི་ཚོས་བཟོད་ཐབས་བྲལ་ནས་ད་བར་བོད་རིགས་ ༥༡ གིས། རྩ་ཆེའི་ལུས་སྲོག་ཡན་ཆད་བློས་བཏང་གིས་རང་ལུས་མེར་བསྲེགས་ཀྱིས་ ༤༡ སྐུ་སྲོག་ཤོར་ཡོད། དེ་བཞིན་མེ་མདས་དམར་གསོད་བཏང་བ་དང་། བཙན་ཤེད་ཀྱིས་གར་སོང་ཆ་མེད་ཕྱིན་པ་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་ལུགས་དང་མི་མཐུན་པའི་བོད་རིགས་མང་དག་ཅིག་ལ། ཉེས་མེད་བཀག་ཉར་དང་བཙོན་འཇུག་བྱས་པ་སོགས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད། མདོར་ན་ད་ལྟ་བོད་ནང་དྲག་པོའི་ཁྲིམས་གཞིའི་འོག་གནས་ཡོད། བོད་མི་ཚོའི་རང་སྲོག་ཡན་ཆད་འདོར་དགོས་པའི་རྒྱུ་མཚན་ཇི་ཡིན་ལ་རྒྱ་ནག་གཞུང་གིས་བསམ་ཞིབ་བྱ་རྒྱུ་ཕར་ཞོག རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་བསླུ་བྲིད་འོག་འཁྲིད་ཐབས་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སྦས་སྐུང་ཆེད་བོད་འདི་བཙོན་ཁང་ལྟ་བུ་ཞིག་ཏུ་བསྒྱུར་ཏེ་རང་དབང་གི་གསར་འགོད་དང་། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ནས་རྟོག་ཞིབ་བྱ་རྒྱུར་ཆོག་མཆན་མི་སྤྲོད་པའི་གནས་སྟངས་ཚབས་ཆེན་ཞིག་ཏུ་གྱུར་ཡོད་ཅེས་དང་། ཡང་ཁོང་གིས་མུ་མཐུད་“ ད་ལྟའི་ཛ་དྲག་གི་གནས་སྟངས་འོག་བོད་རིགས་ཡོངས་ཀྱིས་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་ཡ་ང་བའི་གནས་སྟངས་འདི། བོད་མི་ཚོས་ནུས་པ་གོང་བུ་གཅིག་ཏུ་བསྒྲིལ་ནས་གདོང་ལེན་བྱ་རྒྱུའི་གོ་སྐབས་ཤིག་ཡིན་ལ། གོ་སྐབས་དེ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་དམ་འཛིན་བྱེད་ཐུབ་པ་ཡིན་ན་འགྱུར་བ་ཆེན་པོ་འགྲོ་སྲིད་པའི་གནས་སྟངས་ཤིག་ཀྱང་ཡིན།

ང་རང་ཚོའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་དང་མི་སྤེལ། ལས་འགུལ་གྱི་ངོ་བོའི་ཐོག་བསམ་ཚུལ་ཤོད་མཁན་ཅི་རིགས་ཤིག་ཡོང་བཞིན་ཡོད་སྟབས།  ད་རེས་དམིགས་བསལ་ཚོགས་ཆེན་འདིར་བོད་གཞུང་མང་གཉིས་ཀྱི་ངོ་ཚབ་མཚོན་པའི་བོད་མི་མི་གྲངས་ ༤༠༤ ཕེབས་ཡོད་པ་ཚང་མས་རྣམ་དཔྱོད་རྩལ་དུ་བཏོན་ཏེ། དོན་ཕན་ལྡན་པའི་ལས་འགུལ་གྱི་སྒྲོམ་གཞི་བཟོ་གནང་ཐུབ་ཚེ་ཕན་ཐོགས་ཡོད་པ་གདོན་མི་ཟ།  དམིགས་བསལ་ཚོགས་ཆེན་གྱི་ལས་རིམ་གཏན་འབེབས་གཞིར་བཟུང་དབུ་འབྱེད་མཛད་སྒོའི་རྗེས་སུ། ཚོགས་ཆུང་ཆ་བགོས་ཞུས་ཡོད་པ་ལྟར་ཚོགས་ཆུང་སོ་སོའི་ནང་གཏན་འབེབས་བརྗོད་གཞིའི་རྒྱ་ལས་མི་བརྒལ་བར། ཚོགས་ཆུང་སོ་སོའི་ཚོགས་གཙོས་སྟངས་འཛིན་ནན་པོ་གནང་དགོས་པ་དང་ཚོགས་ཆུང་ཁག་གི་སྙན་ཐོ་ཁ་གསལ་འགོད་དགོས་ཞེས་གསུང་སོང་”།

mt_2012_9_25སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ཤག་གི་གཏམ་བཤད་སྐབས། དམིགས་བསལ་ཚོགས་ཆེན་འདི་ཚོགས་དགོས་པའི་རྒྱུ་མཚན་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོད་ཆེད་ཡིན་ཚུལ་དང་འབྲེལ་གསུང་དོན། “བཀའ་ཤག་སྐབས་༡༤ པས་འཛིན་སྐྱོེང་གི་འགན་ཁུར་ནས་ལོ་གཅིག་ལྷག་འགྲོ་གི་ཡོད་རེད། དེའི་རིང་སྤྱི་ཚོགས་ནང་ལྷིང་འཇགས་པོ་བྱུང་སོང་བསམ་པ་བྱུང་། གང་ཡིན་ཟེར་ན། ༢༠༡༡ ལོའི་གསུམ་བཅུ་དུས་དྲན་གྱི་༧གོང་ས་མཆོག་གི་གསུང་འཕྲིན་ནང་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ཡོད་ཅེས་གསུངས་དུས། མི་མང་ཚོར་སེམས་འཚབ་ཆེན་པོ་བྱུང་ཡོད་རེད། ཡིན་ན་ཡང་བཀའ་བློན་རྣམ་པ་ཚང་མ་ཕྱི་རྒྱལ་ཁག་དང་གཞིས་ཆགས་ཁག་ག་པར་བཅར་ན་ཡང་། སྤྱི་ཚོགས་ནང་ལྷིང་འཇགས་པོ་ཡོད་པ་དེ་གཟི་བརྗིད་རེད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོར་འབྱོར་ཡོད་རེད། ༧གོང་ས་མཆོག་གིས་རྩིས་སྤྲོད་གནང་བའི་ཆབ་སྲིད་ཀྱི་འགན་དེ་མི་མང་གིས་ཁུར་ཐུབ་ཀྱི་ཡོད་རེད། བོད་ནང་གི་བོད་མི་ཚོ་ཡིན་ན་ཡང་། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་འཁུར་ཐུབ་ཀྱི་འདུག་བསམ་ནས་ཡིད་ཆེས་རིམ་གྱིས་སླེབས་རྒྱུ། དེ་བཞིན་དུ་རྒྱལ་སྤྱིའི་སྒང་ནས་ཡིན་ན་ཡང་མང་གཙོའི་འགྲོ་སྟངས་ནང་བཞིན་༧གོང་ས་མཆོག་གིས་བཀའ་གནང་བ་བཞིན་ལས་ཀ་བྱེད་ཀྱི་འདུག་བསམ་པའི་ཡིད་ཆེས་དང་དོ་སྣང་ཏན་ཏན་བྱུང་ཡོད་རེད་བསམ་གྱི་ཡོད་ཅེས་”དང་།

མཐར་ཁོང་གིས་དམིགས་བསལ་ཚོགས་ཆེན་འདི་གྲུབ་འབྲས་དང་ལྡན་པ་ཞིག་བྱེད་དགོས་སྐོར་དང་འབྲེལ། ༢༠༡༣ ལོར་བོད་དོན་དང་འབྲེལ་བའི་ལས་འགུལ་གང་མང་ཞིག་སྤེལ་རྒྱུའི་འབད་བརྩོན་བྱེད་དགོས་སྐོར་དང་། རྒྱ་གཞུང་གི་ཆབ་སྲིད་གནས་སྟངས་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་པའི་གོ་སྐབས་འཛིན་བྱེད་དགོས་སྐོར་དང་འབྲེལ་དབུ་མའི་ལམ་ཀྱི་སྲིད་ཇུས་ལ་འགྱུར་བ་མེད་སྐོར། ལོ་འདི་བོད་དོན་ཞུ་གཏུག་གི་ཉིན་མོར་བརྩི་དགོས་སྐོར་དང་། ཚོགས་ཆེན་འདིར་༧གོང་ས་མཆོག་བོད་ལ་གདན་འདྲེན་ཇི་ལྟར་ཞུ་དགོས་སྐོར་ལ་གྲོས་བསྡུར་བྱེད་དགོས་སྐོར་སོགས་གསུང་སོང་།

དེ་རྗེས་ཕྱི་དྲིལ་ལས་ཁུངས་གིས་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་ཅི་ཡིན་ཞེས་པའི་བརྙན་འཕྲིན་ཞིག་དང་། དེ་བཞིན་བོད་ནང་གི་གླུ་པ་ཁག་གཅིག་གིས་སྤྱི་ནོར་༧གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བསྟོད་གླུ་བླངས་པའི་བརྙན་འཕྲིན་ཁག་གཉིས་ཚོགས་བཅར་བ་རྣམས་ཀྱི་གཟིགས་ལམ་དུ་བསྟན་སོང་།

mt2_2012_9_25

མཐར་སྲིད་སྐྱོང་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གསུམ་གྱིས། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཚོགས་ཆེན་དེར་རྒྱལ་ཁབ་ཁག་༢༦ ནས་ཚོགས་བཅར་བ་ཁྱོན་མི་གྲངས་༤༠༤ མཉམ་ཞུགས་བྱས་འདུག་ལ། དེ་རིང་དབུ་འབྱེད་མཛད་སྒོ་གྲུབ་མཚམས་ཚོགས་ཆུང་བཅུ་རུ་བགོས་ཏེ། ཚཽགས་ཆུང་སོ་སོའི་ནང་བརྗོད་གཞི་དང་པོ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ།

བོད་གཞུང་མང་གཉིས་ནས་གདོང་ལེན་བྱེད་ཕྱོགས་ལ་བགྲོ་གླེང་དང་།

ཚེས་༢༦ གི་སྔ་དྲོར་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས། ཉིན་རྒྱབ་རྒྱ་གར་དང་ལྷོ་ཤར་ཨེ་ཤའི་ཡའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་ཞིབ་བསྡུར་གནང་རྒྱུ་རེད་འདུག་ལ།

དེ་བཞིན་ཕྱི་ཚེས་༢༧ ཉིན་གྱི་སྔ་དྲོར་ཚོགས་ཆུང་སོ་སོའི་སྙན་སྒྲོན་གནང་བའི་རྒྱབ་གཉེར་སྙན་ཐོ་སྒྲོགས་སྦྱང་གནང་རྒྱུ་དང་། ཉིན་རྒྱབ་དེ་དག་གི་ཐོག་ཉིན་ཕྱེད་རིང་བགྲོ་གླེང་གནང་རྒྱུ། ཕྱི་ཚེས་༢༨ སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་དང་། ཉིན་རྒྱབ་ཚོགས་ཆུང་སོ་སོས་རྒྱབ་གཉེར་རྣམས་ཕྱོགས་སྡོམས་ཀྱིས་རྒྱབ་གཉེར་ཡིག་ཆ་གཏན་འབེབས་དང་ཚོགས་འདུ་མཇུག་སྡོམ་གནང་རྒྱུ་ཡིན་པ་རེད།

Share this:
༩༠ ཀློག་གྲངས།