མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་རྡུང་དགོས།

tsokchung1དེ་རིང་དམིགས་བསལ་ཚོགས་ཆེན་ཉིན་གཉིས་པའི་སྟེང་། ཚོགས་ཆུང་བཅུ་རུ་བགོས་ཡོད་པ་ལྟར་ཚོགས་ཆུང་སོ་སོའི་ནང་རྒྱལ་སྤྱིའི་སྒང་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་། ཤར་གླིང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ནང་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་ལ་གྲོས་བསྡུར་བྱེད་ཀྱི་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༦ ཉིན་སྟེ་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཉིན་གཉིས་པར། འདི་གའི་གསར་འགོད་པས། ཚོགས་ཆུང་དང་པོའི་ཚོགས་གཙོ་སྤྱི་འཐུས་ཨ་ཅར་ཡ་ཡེ་ཤེས་ཕུན་ཚོགས་ལ། དེ་རིང་གི་བརྗོད་གཞིའི་ཐོག ཚོགས་མི་ཚོས་དགོངས་ཚུལ་གང་ཡོད་དྲིས་པར། ཁོང་གིས་ཁ་སང་ང་ཚོའི་ཚོགས་མི་ཚང་མས་ཁ་གཅིག་གྲགས་ཀྱིས་ཆིག་སྒྲིལ་གྱི་ནུས་པ་དགོས་ཀྱི་འདུག་ཟེར་གྱི་འདུག ཆིག་སྒྲིལ་གྱི་ནུས་པ་ཡོང་སྟངས་དེ་ལ་ཡང་། ཚོགས་པ་དང་མི་སྒེར་སུ་ཡིན་རུང་ཕན་ཚུན་ལ་རྒྱག་གཏམ་བཤད་རེས་མ་ཡིན་པར། སྤྱི་སྒེར་གཉིས་ཀྱིས་སྤྱི་པའི་གནས་སྟངས་ལ་བསམ་བློ་བཏང་སྟེ། བོད་ནང་གི་བོད་མི་ཚོས་བློས་བཏང་བཞག་པ་དེ་དག་ཆུད་ཟོས་མི་འགྲོ་བར་བྱ་དགོས་རེད་ཅེས་བཤད་ཀྱི་འདུག དེ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་དྲན་རྟེན་གྱི་ཆེད་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་རྒྱུ་དང་། ཡང་མ་འོངས་པར་ལས་འགུལ་མུ་མཐུད་ནས་ཡོང་བའི་ཆེད་དཔའ་བོའི་ཐེབས་རྩ་བཙུགས་རྒྱུ། དེ་བཞིན་བོད་ཀྱི་འཐབ་རྩོད་རྒྱུན་འཁྱོངས་ཡོང་ཆེད་ཕྱི་ལ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར་ཆབ་སྲིད་གཙོས་པའི་མི་རིགས་ཀྱི་ལ་རྒྱའི་སློབ་གསོ་གནང་དགོས་ཀྱི་འདུག་ཅེས་བསམ་ཚུལ་འདུག

དེ་རིང་ང་ཚོས་རྒྱལ་སྤྱིའི་སྒང་ལ་ལས་འགུལ་སྤེལ་ཕྱོགས་ཀྱི་སྐོར་ལ་བགྲོ་གླེང་བྱེད་ཀྱི་ཡོད་རེད། དེ་ཡང་ང་ཚོས་རྒྱལ་སྤྱིའི་ཐོག་ལས་འགུལ་སྤེལ་སའི་ས་ཆ་ག་པར་ག་པར་སྙོབ་ཀྱི་འདུག མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ལས་འགུལ་སྤེལ་ཕྱོགས། ལྷག་པར་དུ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་བོད་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་ཕྱོགས་ཀྱི་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

ཡང་གསར་འགོད་པས་ཐེངས་འདིར་ས་གནས་ཁག་མང་པོ་ཞིག་གི་སྐུ་ཚབ་ཕེབས་ཡོད་དུས། བསམ་ཚུལ་གསར་པ་དང་སྐད་ཆ་གསར་པ་དེ་འདྲ་བྱུང་སོང་ངམ་ཞེས་དྲིས་པར། ཁོང་གིས་རྩ་བས་ས་གནས་ཚང་མའི་ནང་གི་སྐད་ཆའི་སྡོམ་འདི་རེད་མ་གཏོགས། སྐད་ཆ་མི་འདྲ་བ་མང་པོ་ཞིག་བྱུང་སོང་། མི་མང་གི་སྐུ་ཚབ་དང་། འཛིན་སྐྱོང་གི་སྐུ་ཚབ། དྭངས་བླངས་ཚང་མའི་ཐོག་ནས་སྐད་ཆ་བཤད་ཡོད་རེད། ཡིན་ན་ཡང་མཐར་ཚང་མས་བསམ་ཚུལ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཚོགས་ཆུང་བཅུ་པའི་ཚོགས་གཙོ་སྤྱི་འཐུས་བྷི་ཚེ་རིང་གིས། དེ་རིང་ང་ཚོས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་བྱེད་ཆེད། རྒྱལ་སྤྱིའི་སྒང་ལ་ལས་འགུལ་ག་འདྲ་སྤེལ་དགོས་ཀྱི་འདུག་དེའི་སྒང་ལ་བགྲོ་གླེང་བྱེད་ཀྱི་ཡོད་རེད། ང་ཚོས་ཚོགས་ཆུང་དེ་བསྐྱར་དུ་ཚོགས་ཆུང་བཞི་རུ་བགོས་ཡོད། སྐར་མ་༡༥ རྗེས་སུ་ཚང་མ་མཉམ་དུ་འཛོམས་ཏེ། ཚོགས་ཆུང་སོ་སོའི་ནང་བགྲོ་གླེང་གང་བྱུང་ཡོད་པ་དེ་སྙན་སྒྲོན་གནང་གི་རེད། ངས་ཚོགས་ཆུང་ཚོར་བལྟ་སྐོར་བྱེད་དུས་རྒྱལ་སྤྱིའི་ཚོགས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཡིན་དུས་ཚང་མས་དེའི་སྒོ་རྡུང་དགོས་པ་གལ་ཆེན་པོ་རེད་ཅེས་བཤད་ཀྱི་འདུག

དེ་ནང་བཞིན་བོད་དོན་རྒྱབ་སྐྱོར་བ་གང་མང་མང་འཚོལ་ཐབས་དང་། བོད་ནང་ལ་ཛ་དྲག་གི་གནས་ཚུལ་བྱུང་བ་དེ་དག་དུས་ཐོག་ལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དུ་བཀྲམ་ཐབས། ཡང་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་རང་གི་ཚོགས་ཆུང་བཙུགས་དགོས་ཀྱི་འདུག་ཅེས་བཤད་ཀྱི་འདུག ཡིན་ན་ཡང་ཚོགས་ཆུང་ཚང་མའི་སྐད་ཆའི་སྡོམ་དེ་ཉིན་གུང་རྒྱབ་ཕྱོགས་སྡོམ་བྱ་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་སོང་།

tsokchung1

ཚོགས་ཆུང་བཞི་པའི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས། ད་ལྟ་ང་ཚོ་ཚོགས་ཆུང་བཞི་པའི་ནང་ལ་བཀའ་ཟུར། སྤྱི་འཐུས་ལས་ཐོག སྤྱི་ཟུར། ཕྱི་རྒྱལ་སྐུ་ཚབ་སྣེ་འཛོམས་ཞིག་ཆགས་འདུག  བོད་ནང་ཛ་དྲག་གི་གནས་སྟངས་གི་ཐོག་ལ་ག་རེ་བྱེད་དགོས་རེད་ཟེར་བའི་བརྗོད་གཞིའི་ཐོག་ལ།  བོད་ནང་རང་ལུས་མེར་སྲེག་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ། རྒྱ་གཞུང་གི་བྱ་སྤྱོད་ངན་པ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་གཏོགས་གཡས་ཁག་གཡོན་དཀྲི་བྱེད་ས་རྩ་ནས་ཡོད་མ་རེད། འདི་ལྟ་བུའི་ལས་འགུལ་དེ་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་དེ་ཆགས་ཡོད་པ་ང་ཚོ་ཚང་མས་གཅིག་གྱུར་གྱི་ངོས་འཛིན་དང་། གཉིས་པ་ལས་འགུལ་ལ་ཆ་བཞག་པ་ཡིན་ན། ཁོང་རྣམ་པའི་ཞལ་ཆེམས་དེ་ཚོ་མི་མང་རྣམས་ཀྱིས་ཤེས་པ་བཟོ་རྒྱུ་དང་ཤེས་པ་ཙམ་མ་ཟད། སྐད་ཡིག་འདྲ་མི་འདྲ་བརྒྱུད་ནས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་དྲིལ་བསྒྲགས་བྱེད་རྒྱུ། དེ་བཞིན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པ་ཚོས་བོད་བསྟན་པ་ཆབ་སྲིད་དོན་དུ་རང་སྲོག་བློས་གཏོང་ཡིན་དུས། ཁོང་རྣམས་ཀྱི་དོན་དུ་རྒྱལ་གཅེས་དཔའ་བོའི་ཉིན་མོ་ཟེར་བ་སྲུང་བརྩི་ཞུ་རྒྱུ།

དེ་སྲུང་བརྩི་ཞུ་རྒྱུ་ཙམ་མ་ཟད་ས་གནས་ས་ཐོག་ལ་བྱང་ཆུབ་ལྗོན་ཤིང་གཙོ་བོར་གྱུར་པའི་ཤིང་ནགས་འདེབས་འཛུགས་བྱེད་རྒྱུ་དེ་འདྲའི་ཐག་གཅོད་བྱུང་སོང་། ང་ཚོས་ལས་འགུལ་གཅིག་ནི་ཁོང་རྣམ་པའི་མངོན་འདོད་དེ་ཚོ་རྒྱལ་སྤྱིའི་ནང་བསྐྱལ་ནས་རྒྱ་གར་གི་སྐད་ཡིག་གཙོས་རྒྱལ་ཚོགས་ནང་འགྲོ་རྒྱུག་ཆེ་བའི་སྐད་ཡིག་སི་པིན་ནི་སྐད་དང་། ཧྥ་རན་སིའི་སྐད།  རྒྱ་སྐད། ར་ཤི་ཡའི་སྐད་བཅས་ཀྱི་ཐོག་བསྒྱུར་ནས་འགྲེམས་སྤེལ་བྱེད་དགོས་པའི་ཐག་གཅོད་བྱུང་སོང་། གལ་ཆེ་བ་གཅིག་ལ་ལྷག་དཀར་སྲུང་བརྩི་དེ་ད་ལྟའི་བར་དུ་བཙན་བྱོལ་ནང་ལ་ཡག་ཐག་ཆོད་ཡོང་གི་ཡོད་པ་རེད་དེ།  སྤྱི་ཡོངས་ལ་ཁྱབ་ཀྱི་མི་འདུག དེ་གཞུང་འབྲེལ་གྱི་ཐོག་ནས་བཀའ་སྤྱི་གཉིས་གཞུང་འབྲེལ་གྱི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་དེ། སྤུས་དག་པ་དང་ཚད་མཐོ་རུ་གཏོང་དགོས་ཀྱི་འདུག་ཟེར་བ་གཅིག་ཐག་གཅོད་བྱུང་སོང་།

ད་ལྟ་རྒྱལ་བ་རིན་པོ་ཆེ་དང་བོད་ནང་གི་བོད་མི་ཚོའི་བཀའ་དྲིན་ལ་བརྟེན་ནས་ཆིག་སྒྲིལ་གྱི་རྣམ་པ་ཡག་ཐག་ཆོད་ཡོད་རེད། ད་དུང་དེ་ཡག་ཏུ་གཏོང་དགོས་པས། ང་ཚོའི་བོད་མིའི་ཆིག་སྒྲིལ་ཉིན་མོ་ཞེས་པ་སྲུང་བརྩི་ཞུ་རྒྱུ། ད་བཞིན་གཞུང་འབྲེལ་གྱི་ལས་འགུལ་སྤེལ་བའི་སྐབས་སུ་འབོད་སྒྲ་གཅིག་གྱུར་དགོས་རྒྱུ་དང་། དེ་བཞིན་དེ་རིང་རྒྱལ་སྤྱིའི་ཁྱོན་ལ་ལས་འགུལ་སྤེལ་བ་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་རེད། དེའི་ནང་སྒྲིག་འཛུགས་ཡན་ལག་མང་པོ་ཡོད་རེད། བྱིས་པའི་སྡེ་ཚན་རེད། བུད་མེད་ཀྱི་སྡེ་ཚན། མནར་གཅོད་མྱོང་མཁན་གྱི་སྡེ་ཚན་བཅས་ལ་འབོད་སྐུལ་དང་། ཡོ་རོབ་མཉམ་འབྲེལ་དང་སྟོབས་ཆེན་རྒྱལ་ཁབ་ཁག་ལ་འབོད་སྐུལ་ཞུ་རྒྱུ་བཅས་ཐག་གཅོད་བྱུང་སོང་།

Share this:
༨༨ ཀློག་གྲངས།