རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད།

ཤར་ཕྱོགས་ཀྱི་བཙན་འཛུལ་རིང་ལུགས་པ་ཝ་ལྟར་འཇབ་ཅིང་སེང་ལྟར་མཆོངས།    ཆུ་ལྟར་བྲུབ་ཅིང་སེར་ལྟར་འགྲིལ།    སྤྱང་ལྟོག་ལྟར་རྔམ་ཞིང་སྐར་མདའ་ལྟར་བརྒྱུགས་པས།    ཁ་བ་བོད་ཀྱི་ལས་དབང་རྩྭ་སྐྱ་ལྟར་བརྔས་ཤིང་གདུང་དུམ་ལྟར་བསྒྱེལ།     ཤར་ཕྱོགས་གུང་དམག་ཇག་ཚོགས་ཆུ་རུད་ལྟར་བརྒྱུགས་ཤིང་རྒྱ་མཚོ་ལྟར་མེར་བས།    བོད་ཁམས་ན་རླབས་ཀྱིས་ཁྱབ་ཅིང་རླན་གྱིས་གཤེར།      གཡོ་རྒྱུ་ལ་བྱང་ཞིང་སྣོག་ལས་ལ་དགྱེས་པའི་གུང་ཇག་ཚོགས་པ་ལ་ལས་སློང་ཕོར་དང་འཁར་རྒྱུག་བཟུང་ནས་བོད་ཡུལ་གྱི་ས་མནན།   ལ་ལས་ཨར་པོ་དང་ལས་བཟོ་གཉེར་ནས་བོད་ཡུལ་གྱི་བཅུད་བཞིབས།

ལ་ལས་དེང་དུས་ཀྱི་གོ་མཚོན་ཐོགས་ཏེ་བོད་ཁམས་ན་གཡུལ་བསྲེས།    དེའི་ཚེ་ན།    དབུས་ནས་རྗེ་བློན་འདུན་གྲོས་མི་མཉམ་ཞིང་མཐའ་ནས་བུ་རྟའི་རྒྱབ་རྩ་ཆད་པས།   གུང་དམག་ཕྱོགས་དང་ཕྱོགས་ནས་ཆུ་བོ་ལྟར་ལུད་ཅིང་ཁངས་སྐྱ་ལྟར་བབས་བྱུང་།    ཡིན་རུང་།    ཁ་བ་བོད་མིའི་སྐྱིད་སྡུག་གི་ཆེད་དུ།    གཅེས་པའི་ཆོས་རིག་བསྲུང་སྐྱོབས་ཀྱི་ཆེད་དུ།   རང་རྒྱལ་སྲ་བརྟན་ཡུན་གནས་ཀྱི་ཆེད་དུ།   རང་ས་རང་སྲིད་བརྟན་ལྷིང་གི་ཆེད་དུ།    གྲོས་དང་འདུན་མ་ཆིངས་དང་གན་འཇོག་གང་ལ་ཡང་རེ་བ་མེད་པར།    དྲག་པོའི་དཔུང་གི་ཡ་ལན་ལས་ལྷག་མ་མ་ལུས་པའི་སྐབས་མཚམས་དེར།   སྒང་དྲུག་ནས་སྐྱེས་ཤིང་ཆུ་བཞིའི་ངོགས་ན་འཚོ་བའི་དམ་པ་མིའི་ལུང་པ་ནས།     དམག་རྒྱགས་རང་ཁུར་དང་གོ་མཚོན་རང་བསྒྲིགས།     གཏན་གྲོགས་དང་བུ་ཕྲུག་ཚོའི་བདེ་སྡུག་ལ་དོ་ཁུར་དང་འགན་ལེན་རང་རྐང་གི་ཁུར་དུ་མི་བཀྱགས་པར།      སྤྱི་སེམས་ལྷད་མེད་ཅིག་དང་།     བློས་གཏོང་ཚད་མེད་ཅིག་གིས་དྲག་པོའི་དམག་གི་གཡུལ་འཁྲུག་ལོ་དང་ཟླ་བར་མཐུད་མཐར།    མང་སྣེ་ཉུང་གིས་མ་བརྟན་པར་ཚེ་སྲོག་སྒྱོག་མདེལ་ལ་བགོས་ཤིང་།   ཟུངས་ཁྲག་གངས་རི་ལ་ཐིམ་པས།   རུས་བཀྲ་རྩྭ་གསེབ་ན་འཐོར་ཞིང་།   ཐོད་རུས་ས་འོག་ན་ཟགས།    མགོ་སྐྲ་རླུང་ཡན་གྱིས་སྤུར་ཞིང་།   རྣམ་ཤེས་བར་དོ་ན་འཕྱན་པའི་ཡ་ང་བའི་སྐྱོ་གར་དེ་ནི།    འདས་དོན་བརྗེད་མི་ཉན་པའི་དྲན་ཤིང་ཡིན་ལ།    མ་འོངས་ཁ་ཕྱོགས་འཁོར་སའི་དམིགས་འབེན་ཡང་ཡིན།   ད་ལྟའི་བུ་རབས་ཚ་རྒྱུད་ཚོའི་སྙིང་རུས་ཀྱི་འབྱུང་ཁུངས་ཡིན་ལ་འཁོན་སེམས་ཀྱི་ས་བོན་ཡིན་པ་ནས་ལས་དོན་ཡོངས་ཀྱི་མ་རྩ་དང་སྒྲུབ་གཞི་ཡིན་པ་ལས།     རྟ་རྒྱུག་རྗེས་ཀྱི་རྡུལ་ལྟར་ཡལ་ཆོག་ཅིག་དང་།   ཆུ་བརྒལ་རྗེས་ཀྱི་གཟིངས་ལྟར་གཡུག་ཆོག་ཅིག་ལར་ནས་མ་ཡིན།    ལྷག་པར་དུས་ཚོད་དེ་དང་དེའི་སྔ་རྗེས་མདུན་རྒྱབ་རྣམས་སུ།   ཁྱོ་ཤི་ཡུགས་མོའི་སྐྱོ་ངད་དང་།   ཕ་ཤི་དྭ་ཕྲུག་གིས་གདུང་འབོད་དེ་ཚོས།    གངས་རི་ལ་ཐལ་མདོག་དོད་ཅིང་།   སྐྱི་ཟིང་གི་བྲག་ཅ་འཁོལ་བའི་གཏམ་རྒྱུད་འདི་ཚོར་བདག་རྒྱག་དང་གདུང་ཚོར་དགོས་པ་གནས་བབ་དང་ལོ་རྒྱུས་ཀྱིས་བགོས་པའི་འགན་འཁྲི་ཡོད་མེད་ཅིག་པུ་དེ་ཡིན་པ་ལས།   སྤྱི་སེམས་ཆེ་མདོག་གི་ཟབ་ས་ནས་མི་གླེང་བར།    དཀྱེལ་ཡངས་སྒམ་མདོག་གི་ཨོ་ཟོབ་བཅས་པས་འདུམ་བདེ་བ་དང་རྨ་སོས་པ་ཞིག་གཞར་ཡང་ཡིན་མི་འོས་སོ།    ད་དུང་།   ཕོ་སྐྱེས་ཕལ་བཙོན་དུ་དེད་ཅིང་མོ་ཉོག་བྱིངས་ལྟོག་ཤིར་ཐེབས་པ།   རང་ཟས་རང་ལ་མི་དབང་།   རང་རིགས་ནང་ཁུལ་གྱི་འགལ་བ་མི་རབས་རྒྱུད་ཀྱང་སེལ་བ་དཀའ་བའི་གཞི་མ་བཏིང་བས།   དམྱལ་བ་གངས་ལྗོངས་ན་འཕོིས་ཤིང་གཤིན་རྗེའི་འཇིག་རྟེན་གྱིས་གངས་རི་འགྲིམས་པའི་གནས་སྟངས་འདི་ཡང་།    ཕོ་གྱོད་ཕ་བོང་ལ་རྒས་རྒྱུ་དང་།   མོ་གྱོད་ཤུག་པ་ལ་རུལ་རྒྱུ་མེད་པའི་གྱོད་ཆེན་ཕ་བོང་སྒོ་བཞག་ཅིག་ཡིན་དུས།    ཤི་ཟིན་པའི་མི་ལ་ཁག་བཞག་ཙམ་དང་ཁ་སྟོང་ཚིག་གིས་དཀར་འདོན་ཙམ་གྱི་གུན་གསབ་འཕྲོད་པ་མ་ཡིན་པར།     མི་བསད་ལ་སྟོངས་དང་རྒྱུ་འཕྲོག་ལ་སྐྱིན་ཚབ་དགོས་པ་འཇིག་རྟེན་ལུགས་སྲོལ་ལྟར་ལས།    ཤི་ན་རོ་མེད་དང་རོ་ལ་ཕངས་མེད་ཡིན་དགོས་དོན་ཅི་ཡང་མི་འདུག་གོ     མ་ཟད་འདས་པ་ནི་འདས་པ་རང་ཡིན་པས་མི་གླེང་ཅམ་གྱི་བཞག    མགོ་ད་ལྟ་ནས་བཙུགས་ལ་ཞི་མོལ་གྱི་ཁོར་ཡུག་རྒྱུད་ནས་མ་འོངས་བོད་ཀྱི་གནས་སྟངས་ལ་ཐག་གཅོད་དགོས་ཚུལ་གླེང་ན།     ཞི་མོལ་བྱེད་མིན་དེ་རྒྱ་ཕྱོགས་ཀྱི་འདོད་དབང་ཡིན་པས་ང་ཚོས་ཨུ་ཚུགས་བྱས་ཀྱང་ཕན་འབྲས་སོན་རྒྱུ་མེད་པ་ཤེས་གསལ་རེད།   གལ་སྲིད་རྒྱ་ཕྱོགས་ལ་ཞི་མོལ་བྱེད་རྒྱུའི་འདོད་པ་ཡོད་དེ་མཆིས་ཚེ།   ཞི་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་ཉིད་དུ་གོང་ཞུས་ལྟར་མི་བསད་ལ་སྟོངས་དང་རྒྱུ་འཕྲོག་ལ་ཚབ་ཀྱི་གུན་གསབ་སྤྲོད་དགོས།      དེ་ལྟར་མིན་ཚེ་ཞི་མོལ་གྱི་མགོ་ཚུགས་ཀྱང་དུར་ཁུང་ནས་ཕྱིར་བལྟས་སློག་པའི་རྣམ་ཤེས་ཁྲི་འབུམ་མང་པོའི་ཐུགས་དགོངས་རྫོགས་མི་སྲིད་པས་ཞི་མོལ་དགེ་མཚན་ནི་ནམ་ཡང་གོར་ཐིག་འོག་གི་གོར་ཐིག་རེད།    སྔོན་འགྲོའི་ཆ་རྐྱེན་ཙམ་ཡང་འདོན་དབང་མེད་པར་ཞི་མོལ་ལ་རེ་བའི་ཉིན་མཚན་འདའ་དགོས་བྱུང་ན།    དུས་ཡུན་དེའི་ནང་དུ་གཞོན་སྐྱེས་ཀླུ་ཡི་ཕོ་ཉ་འདྲ་བ་༥༡ཙམ་གྱིས་སྐུ་ལུས་མེར་མཆོད་གནང་ཡང་།    ཞི་མོལ་ལ་རེ་ཞིང་ཞི་མོལ་ལ་སྒུག་པའི་གནས་སྟངས་ལ་འགྱུར་བ་མེད་དུས།    ཕར་ཕྱོགས་ནས་ཀྱང་ཇེ་མཁྲེགས་དང་ཇེ་དམ་ལས་ཚུར་བསྟུན་གྱི་རྣམ་པ་ཙམ་ཡང་མེད་པ་མིག་མཐོང་ལག་ཟིན་རེད།    ད་དུང་ཡང་འདི་མུས་ཀྱི་མུ་དང་མཐའ་སྐྱོང་བ་ཡིན་ན་འབྱུང་འགྱུར་ཡང་འདི་ལས་གཞན་གྱི་རྣམ་འགྱུར་ཞིག་རག་མི་སྲིད་པས།    ད་ནི་གཞུང་དང་ཚོགས་སྒེར་ཚང་མས་ནང་ཁུལ་ཁ་འཛིང་དང་མཐོ་གནོན་གྱི་མཚམས་རེ་ཞིག་བཞག་ནས།    རྒྱ་རྒྱ་ཡུལ་ན་སྐྱིད།    བོད་བོད་ཡུལ་ན་སྐྱིད་པའི་གནས་ལུགས་འདི་གཞི་ལ་བཞག་ནས་རྒྱ་འོག་ན་བོད་མི་སྒུར་བའི་ཐག་གཅོད་ཅིག་གི་སྣེ་ལ་གཞུང་དམངས་ཚང་མ་འདུས་རན་པ་རེད།     དེའི་ཚེ་ན་ད་ལྟ་ནང་བཞིན་བཏང་སྙོམས་ལུང་མ་བསྟན་གྱིས་ཉི་མ་འཕུད་ཐབས་མ་ཡིན་པར།    དཔའ་མཉམ་སྟ་རོ་གཡག་རོ་དང་།   མ་མཉམ་ཁྱི་ཤི་སྤྱང་ལུས་ཀྱི་དཔེ་བཞིན་ལས་ཡོང་རྒྱུ་མེད་པ་མིག་སྔའི་གནས་ཚུལ་ཡིན་ཀྱང་།    ཁ་མཁས་འདྲ་ཆགས་དང་མགོ་བདེ་དྲན་འཕྲུལ་གྱིས་སྐད་ཆ་རིང་ཙམ་ཐུང་ཙམ་བཤད་པ་ནི།   མཇུག་འབྲས་མི་ལེགས་པའི་བྱ་དཀའ་བྱེད་གཏད་ལས་བཟང་ཕྱོགས་ནས་གོ་བ་ཞིག་རག་ཐབས་མ་བྱུང་བས།    ད་ནི་མི་སུ་ཡིན་ཀྱང་རྨོངས་གཉིད་ལས་སད་པའི་དུས་ལ་བབ་པ་རེད།

Share this:
༡༨༩ ཀློག་གྲངས།