བལ་ཡུལ་དུ་༢༠༡༢ ཀྱི་འཇང་དགུན་ཆོས་ཆེན་མོ་འཚོགས་འདུག

img_4250ཟླ་འདིའི་ཚེས་༢༦ ཉིན་གནས་ཚུལ་བཏང་འབྱོར་བ་ལྟར་ན། བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་༢༠༡༢ ལོའི་བལ་ཡུལ་འཇང་དགུན་ཆོས་ཆེན་མོ་དེ་བལ་ཡུལ་སྒོ་སོག་ཕུན་ཚོགས་ཆོས་གླིང་དགོན་དུ་ཉིན་བཅོ་ལྔའི་རིང་འཚོག་གི་ཡོད་པ་རེད།

དེར་ཀོ་པཎ་གྲྭ་ཚང་། འགྲོ་ཕན་གླིང་། ཕུན་ཚོགས་ཆོས་གླིང་། བསམ་གཏན་གླིང་། གྲུབ་ཐོབ་དགོན། ཤེལ་དཀར་ཆོས་སྡེ། སྤོ་རོང་དགོན། ཆུ་བཟང་གྲྭ་ཚང་། གསེར་ཀོང་གྲྭ་ཚང་། བཅས་དགོན་སྡེ་ཁག་༩ མཉམ་ཞུགས་བྱས་ཡོད། ཉིན་བཅོ་ལྔའི་རིང་འཚོག་རྒྱུའི་ཐེངས་འདིའི་འཇང་དགུན་ཆོས་ཀྱི་སྦྱིན་བདག་སྒོ་སོག་ཕུན་ཚོགས་ཆོས་གླིང་དགོན་པ་ཡིན་པ་རེད།

img_4258ཁྱོན་སྡོམས་དགེ་འདུན་ཞལ་གྲངས་༤༨༦ ཡོད་པའི་འཇང་དགུན་ཆོས་ཀྱི་ཡར་འཚོགས་མཛད་སྒོའི་སྐུ་མགྲོན་གཙོ་བོར། བལ་གཞུང་དགོན་པ་ལྟ་རྟོགས་ཡར་རྒྱས་ཚོགས་པའི་ཚོགས་གཙོ་མཁན་རིན་པོ་ཆེ་ཉི་མ་རྡོ་རྗེ་མཆོག་དང་སེར་སྨད་མཁན་རིན་པོ་ཆེ་དགེ་བཤེས་ངག་དབང་འབྱོར་ལྡན་ལགས། དམིགས་བསལ་སྐུ་མགྲོན་བལ་གཞུང་དགོན་པ་དང་བྷི་ཧར་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་ཨཅརྱ་ནོར་བུ་ཤར་པ་མཆོག། སྐུ་མགྲོན་དུ་བལ་ཡུལ་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་རྒན་འཇིགས་སྒྲོལ་ལགས། སྐྱབས་རྗེ་ཤྲི་ཆུ་བཟང་རིན་པོ་ཆེ། བལ་ཡུལ་བོད་མིའི་འབྲེལ་མཐུད་སྐུ་ཚབ། བོད་མི་མང་སྤྱི་འཐུས་ཟུར་པ་རྒྱ་ནོར་ཚེ་དབང་། བོད་གཞུང་སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ། བལ་ཡུལ་དགེ་ལྡན་སྨོན་ལམ་ཚོགས་པའི་ཚོགས་གཙོ། རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ། དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ། ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་ཡུལ་མི་མང་ཚོགས་བཅས་མཛད་སྒོར་སེར་སྐྱ་མི་གྲངས་༨༠༠ མ་ཟིན་ཙམ་ཡོད་པ་དང་། ཐེངས་གསུམ་པའི་བལ་ཡུལ་འཇང་དགུན་ཆོས་ཆེན་མོ་འདིར་སློབ་དཔོན་ཆོས་ཀྱི་གྲགས་པའི་མཛད་པའི་ཚད་མ་རྣམ་འགྲེལ་གྱི་སྟེང་ནས་རྩོད་གླེང་གནང་རྒྱུ་དང་ཚོགས་དུས་ནི་ཉིན་བཅོ་ལྔའི་རིང་རྒྱབ་ཆོུད་༢ ནས་ཕྱི་དྲོ་ཆོུད་༧ པའི་བར་འཚོག་རྒྱུ་རེད་འདུག                            གསར་འགྱུར་མཁོ་གཏོང་བ་ཉག་རོང་བློ་བཟང་ཆོས་གྲུབ་ཡིན།

Share this:
༡༠༣ ཀློག་གྲངས།