སེམས་ཚོར་ཁྲོད་ཀྱི་གཞོན་ལྷན།

བཀྲ་ཤིས་ཟླ་བ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་ནི་དུས་རབས་སྔ་མའི་ལོ་རབས་བདུན་ཅུའི་ནང་དབུ་བརྙེས་འདུག་ལ། བཙན་བྱོལ་ནང་གི་ཤེས་ལྡན་པ་དང་ཆབ་སྲིད་པ་གང་མང་ཞིག་གིས་ཚོགས་པ་འདི་བསྐྱངས་ནས་ཡོང་འདུག

ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་གཞོན་ལྷན་གྱི་འབྲེལ་ཡོད་མི་སྣ་འགའ་རེ་བོད་ནང་དུ་ཉུལ་ཞིབ་ལ་བསྐྱོད་དེ་ཁམས་དང་ཨ་མདོའི་མཐའི་བར་དུ་གཏུགས་ཤིང། གྲོང་ཁྱེར་ཟི་ལིང་གི་མགྲོན་ཁང་ག་གེ་མོར་གཞོན་ལྷན་གྱི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་ཀྱི་ཚོགས་འདུ་གསང་བའི་ངང་ཚོགས་པ་རེད་ཟེར་བ་སོགས་བདེན་པ་ཡིན་མིན་མི་ཤེས་ཀྱང་གཞོན་ལྷན་གྱིས་ཨ་མདོའི་གྲོང་ཁྱེར་ཟི་ལིང་བར་དུ་སྙོབ་ཐུབ་ཀྱི་ཡོད་པའི་སྐད་ཆ་གོ་རྒྱུ་ཡོད། ལོ་རབས་དགུ་བཅུ་བའི་མཇུག་ཏུ་ཐོག་དང་པོར་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཞིང་། རང་ལུས་མེ་སྲེག་གི་ལས་འགུལ་ཡང་འདི་དུས་ནས་མགོ་ཚུགས་ཡོད། ༢༠༠༧ལོར་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཐེངས་གཉིས་པ་སྤེལ་ཞིང་། མི་མང་ཉིས་ཁྲི་ལྷག་གིས་ཆ་ཤས་བླངས་པའི་སྐད་གྲགས་ཅན་གྱི་མི་མང་མདུན་སྐྱོད་ཆེན་མོའི་ལས་འགུལ་བསླངས་ཏེ། དུས་རབས་ཉེར་གཅིག་པའི་བོད་དོན་འཐབ་རྩོད་ཀྱི་སྒོ་མོ་གཞི་རྒྱ་ཆེ་རུ་ཕྱེ་ཡོད།

སྐབས་དེ་དག་གི་ལས་འགུལ་ཁག་ལ་མི་མང་མཉམ་ཞུགས་བྱས་ཚད་ནི་ཧ་ཅང་མཐོ་བོ་ཡོད་ཅིང་།  མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་ཐེངས་གཉིས་ཀར་ཡང་འཕྲོ་རིམ་འཕྲོར་མཐུད་པའི་ལས་འགུལ་བའི་གྲངས་ཀ་དང་སྙིང་སྟོབས་ནི་ཧང་སངས་པ་ཞིག་ཡིན་ལ། མི་མང་མདུན་སྐྱོད་ཆེན་མོའི་སྐབས་ཀྱང་ལས་འགུལ་དེ་ཙམ་གྱིས་འདོད་པ་མ་ཁེངས་པར་གཞོན་ལྷན་ཚོགས་གཙོ་ལ་འཁང་ར་དང་ལེ་བདའ་བྱེད་མཁན་ཡང་གང་མང་བྱུང་ཡོད། འདི་ལྟ་བུའི་སྙིང་སྟོབས་དང་སེམས་ཤུགས་སྐྱེ་གཞི་དག་ལ་བརྟེན་ནས་བོད་དོན་འཐབ་རྩོད་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱས་ཡོད། དེ་ཡང་བོད་གཞིས་སུ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་། དེའི་རྗེས་སུ་སྐད་ཡིག་སྲུང་སྐྱོབ་ཀྱི་སློབ་མའི་ལས་འགུལ། ད་ལྟ་མུ་མཐུད་བཞིན་པའི་རང་ལུས་མེ་སྲེག་ལས་འགུལ་སོགས་དང། བྱེས་སུ་༢༠༠༨ལོའི་པེ་ཅིན་ཨོ་རྩེད་དཔལ་འབར་སྐོར་སྐྱོད་བཀག་འགོག་གི་ལས་འགུལ་སོགས་ལས་འགུལ་སྐད་གྲགས་ཅན་འདི་དག་ཐམས་ཅད་གཞོན་ལྷན་གྱི་ལས་འགུལ་ཁག་དང་འབྲེལ་བ་དམ་པོ་ཡོད་པར་འདོད། དེར་བརྟེན་རྒྱ་གཞུང་གི་ཆབ་སྲིད་དཔྱད་བརྗོད་པ་ལ་ལས། ༸རྒྱལ་བ་རིན་པོ་ཆེ་སྐུ་མ་བཞུགས་ཚེ་ཁོང་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ཉམས་ཞན་དུ་འགྲོ་སྲིད་ཀྱང་། གཞོན་ལྷན་ལ་བསམ་བློ་གཏོང་དགོས་ཏེ། དེའི་ཚོགས་མི་ཚོར་ནུབ་ཕྱོགས་ནས་སློབ་སྦྱོང་ཐོབ་ཡོད་པས་ཉེན་ཁ་ཆེ་ཞེས་བཤད་པར་གྲགས།

དེའི་རྗེས་ནས་ཀྱང་གཞོན་ལྷན་གྱིས་མགོ་ཁྲིད་པའི་བོད་སྐྱོད་གོམ་བགྲོད་སོགས་ལས་འགུལ་ནུས་ཤུགས་ལྡན་པ་མི་ཉུང་བ་ཞིག་སྤེལ་ཡོད་ཀྱང་། རིམ་གྱིས་སྤྱི་ཚོགས་ཁྲོད་སྐད་ཆ་གཞན་གྱི་བཤད་བྱུང། གཞོན་ལྷན་ལ་ནང་ཁུལ་མི་མཐུན་པའི་འགལ་བ་ཡོད་རེད་ཟེར་བ་དང།  རྩིས་ཁྲ་ལ་མགོ་རྙོག་ཡོད་ཚུལ། གཞུང་དངུལ་བེད་ལོག་ཏུ་སྤྱད་ཚུལ་སོགས་བཤད་བྱུང་བ་མ་ཟད། ཐ་ན་ས་ཆ་གུག་ཀྱོག་ཏུ་ཚོགས་འདུ་ཚོགས་ཏེ་མི་བེད་སྤྱོད་བཏང་ནས་༸རྒྱལ་བ་༸པཎ་ཆེན་ལ་དགག་པ་རྒྱག་ཏུ་འཇུག་གི་ཡོད་པ་རེད་ཟེར་བ་སོགས་ཀྱི་གཏམ་ངན་ཞིག་སྐྱི་བསེར་རླུང་དང་འགྲོགས་ནས་གྲགས་བྱུང། ཡིན་ནའང་སྤྱི་ཚོགས་ནང་གང་ཡང་བཤད་སྲིད་པས་དེ་ཙམ་གྱིས་དོགས་པ་ཟོས་མ་སོང་ལ། དགའ་སྐྱོའི་སེམས་ཚོར་ཡང་ཆེན་པོ་བྱུང་མ་སོང་། རྒྱུ་མཚན་ནི་ནམ་རྒྱུན་ནས་ང་ཚོའི་སྤྱི་ཚོགས་ནང་རང་ཉིད་ཀྱིས་འཇོན་གྱི་ཡོད་མེད་ལ་མི་བལྟ་བར་གཞན་ཚང་མ་ཁྱད་དུ་གསོད་མཁན་མང་པོ་ཡོད་པས་ཡིན།

གཞོན་ལྷན་གྱིས་ཨ་རིའི་གྲོང་ཁྱེར་ཉུག་ཡོག་ཏུ་ཟས་བཅད་ལས་འགུལ་སྤེལ་སྐབས། ཤིང་བཟའ་ཞུ་བའི་བླ་མ་ཞིག་མཉམ་ཞུགས་གནང་ཡོད་ཅིང་། ཁོང་གི་སྐུ་གཟུགས་ཀྱི་གནས་བབ་ཅུང་ཟད་ཞན་དུ་སོང་ཚེ་བླ་མ་དེའི་འབྲེལ་ཡོད་ཚོས་གཞོན་ལྷན་ཚོགས་གཙོར་ཁ་པར་བཏང་སྟེ་འགན་ཁུར་དགོས་པའི་བླང་བྱ་འདོན་གྱིན་པ་གསར་ལམ་རེ་གཉིས་ལ་ཐོན་སོང་། ད་ལྟའི་ལྡི་ལིའི་ཟས་བཅད་ལས་འགུལ་འདི་ལ་ཡང་སེམས་འགུལ་ཐེབས་རྒྱུའི་ཚབ་ཏུ་མང་པོ་ཞིག་གིས་སྐྱོན་བརྗོད་བྱེད་བཞིན་པ་ཅི་ཡིན་ནམ། རྒྱུན་ལས་གསུམ་གྱིས་ཟས་བཅད་གནང་དགོས་དོན་གང་ཡིན་ནམ། གཞོན་ལྷན་ལ་དེ་ལས་གཞན་པའི་མི་མ་རག་པ་ཡིན་ནམ། ཡང་ན་རྒྱུན་ལས་གསུམ་དེ་སེམས་ཤུགས་ཆེ་དྲགས་པ་ཡིན། དེ་མིན་ན་མི་གཞན་པར་འགན་མི་ཐེག་པས་ཚོགས་པ་ནང་ཁོངས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་སྲིད་དམ་སོགས་ཀྱི་དོགས་པ་བྱེད་ཀྱི་འདུག གང་ལྟར་ཉེ་བའི་དུས་ཤིག་ནས་མི་མང་གིས་གཞོན་ལྷན་དང་མཉམ་རུབ་ཀྱིས་གོམ་པ་ཇེ་དལ་དུ་སོང་བའི་ཚོར་སྣང་བྱུང་ཞིང་། རང་ཉིད་ལའང་བློ་མི་བདེ་བའི་སྣང་བ་ཞིག་བརྒྱུད་མར་བྱུང་སོང་།

ཡང་ཉིན་ཞིག་སླར་ཡང་བློ་མི་བདེ་བ་ཞིག་སྐྱེས་སོང་། གཞོན་ལྷན་གྱིས་གནང་སྟངས་འདིས་གཞོན་ལྷན་ལ་རྒྱབ་སྐྱོར་ཞུ་མཁན་གྱི་རང་ཉིད་ཀྱང་དོགས་པ་ཞིག་གི་ནང་དུ་ཁྲིད་སོང་། དེ་ནི་གསལ་བསྒྲགས་ཤིག་རེད། གསལ་བསྒྲགས་དེའི་ནང་དུ་བོད་མིའི་རང་དབང་ཆེད་ཨ་མ་དང་སྲིང་མོ་ཁྲིད་ནས་བོད་སྐྱོད་གོམ་བགྲོད་བྱེད་མཁན་གྱི་གླིང་ཚ་ཚེ་བརྟན་རྡོ་རྗེ་ཟེར་བ་ཞིག་གིས་བལ་བོ་དང་བོད་ཀྱི་ས་ཁོངས་སུ་འཛུལ་ཞུགས་ཐུབ་སླད། བོད་ཀྱི་རྒྱལ་དར་ལས་གཞན་བལ་བོ་དང་རྒྱ་ནག་གི་རྒྱལ་དར་ཞིག་ཀྱང་མཉམ་ཁྱེར་བྱས་ཡོད་པར་ངོ་རྒོལ་ཡོད་ཚུལ་བཤད་སོང་། ད་དུང་གནས་ཚུལ་དེ་ལ་སྒྲོ་བཏགས་ནས་བཙན་བྱོལ་བོད་མིའི་མི་ལོ་ང་གསུམ་གྱི་ལོ་རྒྱུས་ལ་ནག་ཐིག་ཕབ་སོང་ཟེར་བྱུང་། འདི་དངོས་གནས་ཡིན་ནམ། མི་ལོ་ང་གསུམ་རིང་གི་རྒྱ་དམར་ནག་གི་ཕོགས་གཟན་ཚོས་བཙན་བྱོལ་བོད་མིིའི་ལོ་རྒྱུས་ལ་ནག་ཐིག་ཕབ་མེད་ན། བོད་སྐྱོད་གོམ་བགྲོད་པ་མ་སྨད་གསུམ་གྱིས་བཙན་བྱོལ་བོད་མི་ནག་པོ་བཟོ་དོན་ཞིག་གཏན་ནས་མི་འདུག་སྙམ། མི་སེམས་ལ་མནར་གཅོད་གཏོང་རྒྱུའི་ཚབ་ཏུ་རང་ཉིད་ལངས་བཞག་པ་ཡིན་ན་དཔའ་རྟགས་འཇོག་ས་མང་པོ་ཡོད། སྡིངས་ཆ་དེ་རླབས་ཆེན་གྱི་ཚོགས་པ་ཞིག་གི་ཡིན་པ་ལས་ཆབ་སྲིད་པ་ཁ་མཁས་ཚོའི་གར་སྟེགས་མ་རེད། དེར་བརྟེན་གཅིག་བྱས་ན་གསལ་བསྒྲགས་འདི་འབྲི་མཁན་མཁས་དྲགས་ནས་བྲིས་ཐལ་ཤོར་བ་མིན་འགྲོ་བསམ།  འདིའི་རིགས་འདི་ཕྱིར་བསྡུ་བྱས་ན་མ་གཏོགས་གཞོན་ལྷན་གྱིས་སྤྱི་ཚོགས་ནང་ཕྱོགས་དང་རིས་ཀྱིས་སྤོས་པའི་རྐང་རྗེས་ནག་པོ་དག་ཏུ་འགྱུར་སྲིད། རྒྱུ་མཚན་ནི་གཞོན་ལྷན་ལ་ཤ་ཚ་སྟངས་དེ་བོད་མི་ནང་ཁུལ་རིས་སུ་གཅོད་རྒྱུ་དེ་ཡིན་རྒྱུ་མ་རེད།

དེང་གི་ཆར་གཞིས་ལུས་བོད་མིའི་དཀའ་སྡུག་སེལ་ཕྱིར་བཙན་བྱོལ་ནང་གཞུང་དང་མི་མང་། བཀའ་ཤག་དང་སྤྱི་འཐུས། ཚོགས་པ་དང་མི་སྒེར། གྲོང་པ་དང་དགོན་པ། སློབ་མ་དང་ཚོང་པ་སོགས་ཡོངས་རྫོགས་མཉམ་ལངས་བྱེད་བཞིན་པ་མ་གཏོགས། ལྟ་བ་དང་ལངས་ཕྱོགས་བཤད་ནས་ལས་འགུལ་སྤེལ་མཁན་མེད། ལྷག་པར་དུ་གཞོན་ལྷན་གྱི་སྔར་གྱི་ལས་འགུལ་སྐད་གྲགས་ཅན་དེ་ཚོ་ཡང་གཞོན་ལྷན་གྱི་ལྟ་བ་དང་ལངས་ཕྱོགས་བཤད་ནས་སྤེལ་མེད། འོན་ཀྱང་གོང་གསལ་བསྒྲགས་དེས་ལྟ་བ་དང་ལངས་ཕྱོགས་ཀྱི་ཕྱོགས་བཟུང་སོང་སྙམ། བཙན་བྱོལ་བོད་མིའི་དམ་ཚིག་རིས་སུ་གཅོད་རྒྱུ་དང་། ཕྱི་སྡོད་གངས་ཅན་པའི་འཐབ་རྩོད་ཀྱི་གོང་བུ་གཏོར་བཤིག་ཏུ་གཏོང་རྒྱུ། སྤྱི་ཚོགས་ནང་གླེང་རྙོག་བཟོ་རྒྱུ་དེ་ནམ་ཡང་རླབས་ཆེན་གྱི་ཚོགས་པ་འདིའི་བསྒྲུབ་བྱ་ཡིན་མི་སྲིད།

གལ་སྲིད་གསལ་བསྒྲགས་ཤིག་མི་སྤེལ་ཐབས་མེད་ཡིན་ན་སྐད་ཆ་འཇམ་པོ་ཞིག་བཤད་ན་ཅིས་མི་ཆོག་གམ། ཁོ་ནི་རྒྱ་གུང་ཁྲན་མ་རེད་ལ་རྒྱ་མིའི་རྒྱུགས་ཁྱི་ཚོའི་གྲས་ཀྱང་མ་རེད། གཞོན་ལྷན་དང་ལངས་ཕྱོགས་མི་འདྲ་ནའང་སྙིང་སྟོབས་དང་སེམས་ཤུགས་ཁུར་བའི་འཐབ་རྩོད་པ་ཞིག་རེད། མི་དེས་རྒྱ་ནག་གི་རྒྱལ་དར་མཉམ་ཁྱེར་བྱས་པ་ལ་མོས་མཐུན་མེད་ཅེས་པ་ལྟ་བུ་ཞིག་གསུངས་ན་འགྲིག་ལ། ཡང་ན་མི་དེར་འབྲེལ་ལམ་ཞིག་བཙུགས་ཏེ་དེ་ལྟར་མི་འོས་ཚུལ་གྱི་བཀའ་མོལ་ཞིག་གནང་ན་ཆོག་ཀྱང་དེ་ལྟར་གང་ཡང་བྱས་མི་འདུག་པ་ཚེ་བརྟན་རྡོ་རྗེ་རང་ཉིད་ཀྱིས་གསར་ལམ་ཁག་ཅིག་ལ་བཤད་འདུག ཚེ་བརྟན་རྡོ་རྗེ་ཟེར་བ་དེས་རྒྱ་ནག་གཞུང་ལྟར་བོད་རང་བཙན་ལ་ངོ་རྒོལ་བྱེད་ཀྱི་མེད་ལ་གཞོན་ལྷན་ལ་སྐྱོན་བརྗོད་ཀྱང་བྱེད་ཀྱི་མི་འདུག ཁོས་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་སླད་དང་། ལམ་དབུ་མ་དང་བོད་གཞུང་ལ་རྒྱབ་སྐྱོར་གྱི་འབོད་ཚིག་བསྒྲགས་ནས་ད་ལྟ་བལ་ཡུལ་བཙོན་ཁང་དུ་བཅུག་ཡོད་པ་དེ་རེད། མ་གཞི་ནས་མི་དེ་ཡང་གཞོན་ལྷན་ལ་དགོས་རྒྱུ་ཞིག་མིན་ན་གཞོན་ལྷན་སྡང་དགོས་ས་ཞིག་མ་རེད་འདོད། དྲ་ཐོག་ནས་གསང་མིང་བཀོལ་ཏེ་སྤྱི་ཚོགས་ནང་འགལ་བ་བཟོ་མཁན་གྱི་དྲ་འབུ་ལྟ་བུ་ཞིག་ཡིན་དོགས་མི་འདུག་ལ། དཀའ་སྡུག་དང་ཕྲད་དུས་མདུན་དུ་འདོན་མི་ཐུབ་པའི་སྐྱག་ཤོར་ཞིག་ཀྱང་མ་ཡིན་པ་འདྲ། ང་ཚོས་ཕྱི་སྡོད་བོད་མིའི་ཁྲོད་བསྐྱར་ཞིབ་ཅིག་བྱོས་དང་། བུ་དང་ཆུང་མ་ཡོད་ཅིང་ཕྱི་ཡི་རྒྱལ་ཁབ་ཏུ་གནས་སྡོད་བྱེད་མཁན་ཞིག་འདི་ལྟར་བོད་མིའི་འཐབ་རྩོད་ཆེད་མཆོང་ནས་ཡོང་ཞིང་། ཚེ་དང་སྲོག་ལ་མི་བལྟ་བར་རང་ཉིད་སྡུག་ལ་སྦྱོར་ཐུབ་མཁན་གྱི་བོད་པ་ག་ཚོད་བྱུང་ཡོད་དམ། ཡང་ཚེ་སྲོག་ལ་དེ་ཙམ་གྱི་ཉེན་ཁ་མེད་སྲིད་ཀྱང་དཀའ་བ་ཁྱད་དུ་བསད་དེ་མིག་སྒྲིབ་རྒྱལ་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཤེས་རབ་ཚེ་རྡོར་ལྟ་བུ་དང་། ས་ལམ་གོམ་པས་བཅལ་ཏེ་གྲོང་དང་གྲོང་ཁྱེར་སྐོར་མཁན་གྱི་རྣམ་གླིང་བློ་བསྟན་ལྟ་བུ་ག་ཚོད་འདུག་གམ། གཟབ་གཟབ་མ་བྱས་ན་གསལ་བསྒྲགས་འདི་ལྟ་བུས་བློས་གཏོང་བ་ཚོའི་སེམས་པ་ཆུ་ལ་བསྐུར་རྒྱུ་རེད། ཁོང་ཅག་ལྟ་བུའི་མི་འདི་ཚོའི་སེམས་ཤུགས་ཆག་ཚེ་དྷ་སའི་ཆབ་སྲིད་པར་ཁས་འཆེ་བ་ཁ་དམག་རྒྱག་མཁན་ཚོ་དང་། ཕྱོགས་མཐའི་མི་དཀྱུས་སྙིང་ཆུང་ང་འདྲ་དག་གིས་ཅི་ཞིག་འཇོན་ནམ། འདི་དང་འདི་ལྟ་བུའི་བློས་གཏོང་བ་འདི་ཚོ་གཉེན་དུ་འགུག་དགོས་པ་ལས་དགྲར་ལྟ་རྒྱུྱ་དེ་མཁས་རྟགས་ཤིག་ནམ་ཡང་མིན། བཙན་བྱོལ་ནང་གི་བོད་དོན་ལས་འགུལ་གྱི་ཆ་ཤས་ལེན་མཁན་གྱི་གྲངས་འབོར་དང་། ལས་འགུལ་བ་སེར་སྐྱ་གང་ཡིན་སོགས་ང་རང་ལས་ཁྱོད་ཚོ་རྒྱུས་མངའ་ཆེ་བ་ཡོད་ངེས་ཡིན།

ཉེ་སྔོན་བོད་མི་བལ་གོས་འཚོང་མཁན་ཞིག་ལ་རྒྱ་གར་དུས་བབ་ཀྱི་གསར་འགོད་པས་བོད་ནང་གི་རང་ལུས་མེ་སྲེག་སྐོར་ལ་བཅར་འདྲི་བྱས་པར་དྲིས་ལན་ཇི་འདྲ་ཞིག་བརྒྱབ་སོང་།  ཡང་ནམ་རྒྱུན་ནས་རང་བཙན་དང་གཞོན་ལྷན་ཟེར་ནས་ཁ་ཕོད་སྒྲོག་མཁན་ཚོ་ཡང་དཀའ་ངལ་ལ་ཐུག་དུས་ཁོམ་བསྡད་ཡོད་ལ། སྤྱིར་བཏང་སྤྱི་ཚོགས་ནང་གོ་སྐབས་གང་ཡོད་བཟུང་ནས་ཁ་གཏོང་མཁན་གྱི་ཁ་མཁས་པོ་དང་ལག་ཤི་བོ་ཤིན་ཏུ་མང་། ཐ་ན་རླུང་འཕྲིན་སྡེ་ཚན་ཁ་ཤས་ཀྱང་འུར་འདྲོགས་ལ་དགའ་བར་འདུག མ་གཞི་ནས་ང་རང་ཡང་བོད་རང་བཙན་ལ་དགའ་མོད། འོན་ཀྱང་བོད་མི་བརྒྱ་ཆ་མང་ཤོས་ཀྱིས་རང་སྐྱོང་ལ་མོས་མཐུན་གནང་གི་ཡོད་པས་དེ་ལ་གུས་བརྩི་ཞུ་ཡི་ཡོད། མི་སྒེར་ལས་ཚོགས་པ་གལ་ཆེ་ལ། ཚོགས་པ་ལས་གཞུང་གལ་ཆེ། དེ་བས་ཚོགས་སྒེར་གང་ཡིན་ཀྱང་གཞུང་ལ་གུས་བརྩི་ཞུ་དགོས་པར་འདོད།

ཉེ་ཆར་གཞོན་ལྷན་གྱི་ཚོགས་འདུ་གྲོལ་ནས་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ལ་བོད་གཞུང་ཞེས་པའི་མཚན་གནས་འདི་སླར་ཡང་འདོགས་དགོས་པའི་སྙན་ཞུ་འབུལ་རྒྱུ་ཟེར། འདིས་ཆབ་སྲིད་ཀྱི་རྣམ་པ་འདྲ་སྟོན་གྱི་ཡོད་ན་མི་ཤེས། དེ་མིན་མཚན་གནས་འདི་འདོགས་མི་ཆོག་པའི་གནོན་ཤུགས་སྤྲོད་མཁན་ནི་རྒྱ་གར་གཞུང་ཡིན་པ་ལས་དབུས་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་མ་རེད། དེར་བརྟེན་དེ་སྐོར་གྱི་སྙན་ཞུ་འདྲ་འབུལ་རྒྱུ་ཡོད་ན་རྒྱ་གར་གཞུང་ལ་ཕུལ་ན་འོས་པར་མཐོང་། ལ་ཕར་རྒྱབ་ཀྱི་རྒྱ་གཞུང་གིས་ཀྱང་བོད་མིའི་སྒྲིག་འཛུགས་འདི་བོད་གཞུང་མ་རེད་ཟེར་གྱི་མེད། མིང་ལ་འགྱུར་བ་སོང་བས་དོན་ལ་འགྱུར་བ་འགྲོ་བར་དོགས་པ་ཟ་མཁན་ནི་ཕལ་ཆེར་ང་ཚོའི་ཆབ་སྲིད་པར་གྲགས་པ་བྱབ་ཆུང་ཚོ་ཡིན་པ་འདྲ། ཁོ་ཚོས་ཁྲིམས་ཐོག་ནས་ནུས་པ་ཡོད་མེད་ཀྱི་སྐད་ཆ་ཞིག་བཤད་ཀྱི་འདུག ཁྲིམས་གང་ཞིག་དང་འགལ་ཡོད་དམ། རྒྱལ་ཁབ་དང་ཚོགས་སྡེ་སུའི་ཁྲིམས་ལ་ཆགས་འཇོག་གི་ཡོད་དམ།

གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་ཞེས་འགྱུར་བ་བཏང་ཡང་གཞོན་ལྷན་གྱིས་བོད་གཞུང་ཞེས་པའི་མིང་གིས་མུ་མཐུད་དུ་འབོད་རྒྱུ་ཟེར། འདི་ནི་མི་འོས་པ་ཞིག་མ་རེད་འདོད། འདིས་ངྷ་སའི་བོད་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞི་འདི་ལ་མིང་ཇི་འདྲ་ཞིག་བཏགས་ཀྱང་བོད་མི་ཚོའི་སེམས་ན་ནམ་ཡང་བོད་གཞུང་ཡིན་པ་མཚོན་གྱི་ཡོད། ང་རང་གིས་ཀྱང་ངོས་འཛིན་དེ་ལྟར་བྱེད་ཅིང་དེ་ལྟར་འབོད་པ་ལས་བོད་མིའི་སྒྲིག་འཛུགས་ཟེར་བ་འདིས་བོས་ན་མི་འདོད། དཔེར་ན་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་ཡང་བོད་མིའི་སེམས་པའི་མཆོད་སྟེགས་ན་ནམ་ཡང་སྐུ་དབང་བཞེས་ནས་བཞུགས་ཡོད་པ་དང་འདྲ། གཞུང་གིས་ཀྱང་གཞུང་གི་མཚན་གནས་དེ་ལྟར་འགྱུར་བ་གཏོང་དགོས་བྱུང་ཡང་གཞུང་ལ་བོད་གཞུང་ཞེས་པའི་མིང་གིས་འབོད་མི་ཆོག་གསུངས་མ་སོང་ལ། དེ་ལྟར་གསུང་རྒྱུ་ཡང་མ་རེད། མི་ཁ་ཤས་ཀྱིས་འདི་ལ་བོད་གཞུང་ཞེས་པའི་མིང་གིས་མ་བོས་ཚེ་བོད་མིའི་རང་དབང་གི་མ་རྩ་ཤོར་བ་ལྟ་བུའི་མི་བཤད་དགུ་བཤད་བྱེད་ཀྱི་འདུག འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་ལན་གཅིག་མ་ཡིན་པར་བཤད་སོང་། དེ་བས་མིང་གི་ཐོག་ན་དཔའ་རྒོད་བྱེད་རྒྱུ་གང་ཡང་མེད། ཡོང་ན་ནི་ལས་འགུལ་རེ་སྤེལ་དང།  བོད་ཀྱི་གནས་བབ་ཛ་དྲག་ཇི་འདྲ་ཞིག་ཡིན་མིན་ནི་ཞུ་ག་ལ་དགོས། སྔར་ཡང་བདག་སྒྲའི་པ་དང་བ་བརྩད་པ་རེད་ལ། དེའི་རྗེས་སུ་མང་དང་དམངས་ཀྱང་བརྩད་སོང་། ད་ལྟ་གཞུང་གི་མིང་རྩོད་ཀྱི་ཡོད།

ཉེ་ཆར་བོད་རང་བཙན་གྱི་ཚོགས་འདུ་ཟེར་བ་ཞིག་ཚོགས་ཏེ་ཚོགས་ཞུགས་པ་ལ་ལས་ངོ་རྒོལ་གྱི་སྐད་དང་པོ་དེ་རང་གཞུང་ལ་རྒྱག་དགོས་ཟེར་སོང་། ཅང་མ་འགོར་བར་ལྷོ་ཕྱོགས་ཀྱི་ས་གནས་ཤིག་གི་གཞོན་ནུའི་ཚོགས་གཙོ་ཡིན་ཟེར་མཁན་ཞིག་གིས་དངོས་གནས་སྐད་དང་པོ་དེ་བརྒྱབ་བྱུང་། སྐད་དང་པོ་དང་གཉིས་པ་གང་ཡིན་ཀྱང་རྒྱག་ཐུབ་ན་རྒྱ་གཞུང་ལ་རྒྱག་དགོས་སྙམ། བོད་ལ་བཙན་གནོན་བྱེད་མཁན་དེ་རྒྱ་གཞུང་ཡིན་པ་ལས་རང་གཞུང་ག་ལ་ཡིན། མི་བེད་སྤྱོད་གཏོང་སྟངས་འདི་འདྲ་ཞིག་ཡིན་ལ། གཞོན་ལྷན་ལ་ད་ལྟ་ཁ་རྨས་ཕོག་ཚུལ་ཡང་མི་འདྲ་ཞིག་ཡིན་པ་འདྲ། དེང་སང་བྱས་རྗེས་ཡོད་མེད་དང་ཁུངས་འཁྱོལ་མིན་འདྲ་མིན་ཞིག་གིས་རང་བཙན་བཤད་ཀྱི་ཡོད་ཅིང་། མང་ཚོགས་ནང་རང་བཙན་བཤད་བཤད་ཐམས་ཅད་གཞོན་ལྷན་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག འདི་འདྲ་ཞིག་གིས་གཞོན་ལྷན་ལ་སྐྱོན་བརྗོད་ཕོག་གི་ཡོད་དམ། གང་ལྟར་ད་ལྟ་སྤྱི་ཚོགས་ནང་གཞོན་ལྷན་ལ་རྒྱབ་སྐྱོར་ཆུང་དུ་འགྲོ་བཞིན་པའི་རྣམ་པ་ཞིག་མངོན་གྱི་འདུག གཞན་དག་ཅི་བྱེད་ན་བྱེད་དུ་ཆུག་ཀྱང་གཞོན་ལྷན་གྱི་ནུས་པ་ཆུང་དུ་སོང་ན་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཆུང་དུ་འགྲོ་བའི་སེམས་ཁྲལ་སླེབས་མཁན་ང་རང་གཅིག་པུ་ཡིན་མི་སྲིད་སྙམ།

གཞོན་ལྷན་གྱིས་ཕྱི་ལོ་༢༠༡༣ལོར་རང་བཙན་ཚོགས་འདུ་ཚོགས་རྒྱུ་ཟེར། ༸གོང་ས་བཅུ་གསུམ་པ་ཆེན་པོའི་རང་བཙན་གསལ་བསྒྲགས་ལ་རྗེས་དྲན་བྱ་རྒྱུ་ཟེར། རྗེས་དྲན་ལོས་ཀྱང་བྱ་སྟེ། གཞོན་ལྷན་ཙམ་མ་ཡིན་པར་བོད་གཞུང་དམངས་གཉིས་ཀས་རྗེས་དྲན་བྱ་དགོས་པ་ཡིན། འོན་ཀྱང་གཞོན་ལྷན་གྱིས་ཡ་མཚན་དང་ཁྱད་མཚར་ཞིག་ཏུ་གཟིགས་ཀྱི་ཡོད་པའི་རྣམ་པ་མངོན་སོང། ༸གོང་ས་བཅུ་གསུམ་པ་ཆེན་པོས་སྐུ་ལས་ག་ཚོད་ཅིག་བསྐྱོན་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད་ལ། ཁོང་གིས་གསལ་བསྒྲགས་གནང་རྒྱུའི་བོད་རང་བཙན་གྱི་ཁྱབ་ཁོངས་ཀྱང་གསལ་བོ་རེད། དེ་བས་གཞོན་ལྷན་གྱིས་དེང་གི་བོད་ཆོལ་ཁ་གསུམ་ཞེས་པའི་རྩ་དོན་འདི་རྒྱུན་འཁྱོངས་གནང་གི་ཡོད་ན། རྒྱ་ཆེ་བའི་ཁམས་དང་ཨ་མདོའི་ཡུལ་ལུང་འདི་བོད་སྡེ་བ་གཞུང་གི་མངའ་འབངས་སུ་ཇི་ལྟར་སྒྲུབ་ཀྱི་ཡོད་དམ། ས་ཆ་འདི་ཚོ་བོད་རང་བཙན་གྱི་ཁྱབ་ཁོངས་སུ་ལེན་རྒྱུྱའི་གདེང་ཚོད་གང་འདྲ་ཡོད་དམ། ང་རང་ཐེ་བའི་དད་ལྡན་མང་ཚོགས་ཀྱི་ངོས་ནས་བསམ་ན་༸རྒྱལ་བ་བཅུ་གསུམ་པ་དང་༸རྒྱལ་བ་བཅུ་བཞི་པ་གཉིས་ནི་སྐུ་ཡི་རྣམ་པ་མ་འདྲ་བ་ཙམ་ལས་ཐུགས་ཀྱི་བཞེད་དགོངས་གཅིག་པར་ལྟ་ཡི་ཡོད་ལ། ༸རྒྱལ་བ་སྔ་མས་ས་ཁུལ་ཆུང་ཆུང་ཞིག་གི་རང་བཙན་གསལ་བསྒྲགས་གནང་བ་དང།  ༸རྒྱལ་བ་ཕྱི་མས་ས་ཁྱོན་ཆེན་པོ་ཞིག་ཏུ་རང་སྐྱོང་རྩོད་ལེན་གནང་བ་ནི་སྔ་མས་མ་འགྲུབ་པའི་ལས་དོན་ཞིག་ཕྱི་མས་མཇུག་སྐྱོང་གནང་བ་ལས་གཞན་གང་ཡང་མིན་པར་བསམ་གྱི་ཡོད།

གཞོན་ལྷན་གྱིས་མི་བླུན་པོ་ཚོར་མགོ་སྐོར་བཏང་སྟེ་ས་ཆ་གུག་ཀྱོག་ཏུ་ཚོགས་འདུར་བོས་ནས་གཞུང་དང་༸རྒྱལ་བ་རིན་པོ་ཆེར་ཁ་རྡུང་གཏོང་དུ་འཇུག་གི་ཡོད་པ་རེད་ཟེར། ང་རང་མཚོན་ན་སྐད་ཆ་འདི་ཚོར་ཡིད་ཆེས་མེད། གཞོན་ལྷན་ཇི་ལྟར་ཐབས་སྡུག་ཀྱང་༸རྒྱལ་མཆོག་འདིའི་བཀའ་དྲིན་མི་ཤེས་མཁན་ཞིག་དང་། རང་ཉིད་ཀྱི་གཞུང་གི་རིན་ཐང་མི་རྟོགས་མཁན་གྱི་གླེན་པ་ཞིག་ཡིན་རྒྱུ་མ་རེད་འདོད་ལ། མ་མཐའ་ཡང་ཚོགས་མི་ཉིས་ཁྲི་ལྷག་ཡོད་པ་ཚང་མ་བྱབ་ཆུང་ཏག་ཏག་ཡིན་རྒྱུ་མ་རེད་བསམ། གལ་སྲིད་གོང་གི་སྐད་ཆ་འདི་ཚོ་བདེན་པ་ཡིན་ཚེ་གཞོན་ལྷན་དང་དོལ་རྒྱལ་བ་གཉིས་ཀྱི་བྱེད་སྟངས་གཅིག་པ་ཆགས་པ་ཡིན། དུས་དེ་ནས་བཟུང་གཞོན་ལྷན་རང་ཉིད་ཀྱིས་རང་གི་འཕྲིན་ལས་ཀྱི་འཇུག་པ་མཐའ་དག་གི་སྒོ་མོར་ལྕགས་ཟྭ་བརྒྱབ་པ་ཡིན་ལ། ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་ཞབས་རྗེས་ཡོད་ཚད་ལག་པས་བསུབས་པ་ཡིན།

བླུན་པོ་ལ་ལས་ལམ་དབུ་མ་དང་མ་མཐུན་ན་༸རྒྱལ་བའི་དགོངས་པ་དང་མི་མཐུན་པའི་ལོག་འགྲེལ་རྒྱག་གི་འདུག འདི་འདྲ་བ་ནི་ཧ་ཅང་ཐལ་བའི་སྐད་ཆ་ཡིན། ཡང་དག་པའི་དམངས་གཙོ་ནི་༸རྒྱལ་བའིདགོངས་པ་འཁྲུལ་མེད་ཡིན་ཕྱིར། དམངས་གཙོའི་སྤྱི་ཚོགས་ནང་ལྟ་བ་དང་ལངས་ཕྱོགས་འདྲ་མིན་ཡོང་ཆོག་པ་དང་ཡོང་ངེས་པ་ལ་༸གོང་ས་མཆོག་གིས་སྔ་མོ་ནས་དགོངས་བཞེས་གནང་ཟིན་པར་དོགས་པ་མི་དགོས་སྙམ། དེ་བས་གཞོན་ལྷན་འདི་༸རྒྱལ་བའི་དགོངས་པ་དང་འགལ་མྱོང་མེད་པར་འདོད་ལ། ད་དུང་༸རྒྱལ་བའི་དགོངས་བཞེད་རིན་པོ་ཆེ་ནུས་ཤུགས་ལྡན་པའི་ཐོག་ནས་བསྒྲུབས་མྱོང་བར་འདོད། གལ་སྲིད་༸རྒྱལ་བའི་དགོངས་པ་དང་འགལ་འཛོལ་བྱུང་ཚེ་ངེས་པར་དུ་དགོངས་སེལ་ཞུ་དགོས་པར་སེམས་ལ། དེ་ལྟར་གནང་རྒྱུ་ཡིན་པའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད།

གང་ལྟར་སྐད་ཆ་མང་པོ་ཞིག་ཁ་ནས་ཤོར་སོང་མོད། གང་ཐུབ་ཐུབ་ཀྱི་རྒྱུ་མཚན་དང་དངོས་ཡོད་ཀྱི་རྗེས་སུ་འབྲངས་པའི་ཁུལ་ཡིན་ཀྱང་། མ་རྟོགས་པ་དང་མ་ཤེས་པའི་དབང་གིས་ཚོར་བའི་རྗེས་སུ་བརྒྱུགས་པའང་ཡོད་སྲིད་པ་ཡིན། དེ་བས་ཡང་མ་དག་པའི་སྐད་ཆ་འདྲ་ཡོད་ན་འབྲེལ་ཡོད་དག་ལ་དགོངས་དག་ཞུ་རྒྱུ་མ་ཟད། གསལ་བཤད་གནང་བའི་རེ་བ་ཡོད། ཡང་གསལ་བཤད་གཞན་ཞིག་ཞུ་རྒྱུ་ནི་སྐབས་འཚོལ་བ་ཚོས་གཞུང་ལ་མི་དགའ་མཁན་ཞིག་གམ། ཡང་ན་གཞོན་ལྷན་ལ་མི་དགའ་མཁན་ཞིག་ཡིན་པའི་ལོག་འགྲེལ་རྒྱག་སྲིད། ང་རང་ནི་དེ་གཉིས་ཀར་མི་དགའ་མཁན་ཞིག་མིན་པ་མ་ཟད། གཉིས་ཀ་དགོས་པར་འདོད་མཁན་ཞིག་ཡིན། རང་ཉིད་ཀྱིས་གང་ཡོང་གིས་གཉིས་ཀར་རྒྱབ་སྐྱོར་ཞུས་ན་བསམ་ཡོད། ད་ལྟའི་གཞོན་ལྷན་ཚོགས་གཙོ་འདི་ལའང་རེ་བ་དང་ཡིད་ཆེས་ཆེན་པོ་ཡོད། རྒྱུ་མཚན་ནི་སྔར་གྱི་བོད་སྐྱོད་གོམ་བགྲོད་སྐབས་རྒྱ་གར་དང་བོད་ཀྱི་ས་མཚམས་ནས་གསུངས་པའི་བཀའ་མོལ་དེ་ཚོ་ཐོས་པས་རེ་བ་དང་སྤོབས་པ་བསླངས་མྱོང་ཡོད། དེ་བཞིན་དུ་ཁ་ཕོད་སྒྲོག་མཁན་ཚོ་དང་མི་འདྲ་བར་ད་ལྟ་ལྡི་ལིར་ཟས་བཅད་ངོ་རྒོལ་གནང་བའི་རྒྱུན་ལས་གསུམ་ལའང་བསྔགས་བརྗོད་དང་རྒྱབ་སྐྱོར་ཞུ་ཡི་ཡོད། གོང་སྨྲས་སྐད་ཆ་འདི་ཚོའི་ནང་དངོས་ཡོད་དང་མི་འཚམ་པ་འདྲ་ཡོད་ན་རང་ཉིད་ཀྱིས་མ་ཤེས་པ་མ་གཏོགས་ཀུན་སློང་ངན་པས་བྱས་པ་སྣ་གཅིག་ཀྱང་མེད། གལ་སྲིད་ཐུགས་ཕོག་དགོངས་ཕོག་འདྲ་བྱུང་ན་གད་སྙིགས་དང་མཉམ་དུ་གཡུགས་རོགས། རྒྱུ་མཚན་ནི་མི་ཞིག་གི་བསམ་ཚུལ་ཙམ་རེད།

མདོར་ན་བཙན་བྱོལ་བོད་མིའི་བོད་དོན་འཐབ་རྩོད་ཀྱི་ལས་དོན་ཚགས་ཚུད་ཡོང་བའི་རེ་བས་རྩོམ་ཡིག་འདི་འདྲ་ཞིག་བྲིས་པ་ཡིན་ལ། སྤྱི་ཚོགས་ནང་གི་ཕན་མེད་ཀྱི་གླེང་མོལ་འདི་ཚོར་གསལ་འདེབས་ཆུང་ཆུང་རེ་ཡིན་ཀྱང་ཐེབས་ན་སྙམ་ནས་སྨྲས་པ་ཡིན། དེར་བརྟེན་མཆན་བུ་བ་ཚོས་ཀྱང་རྒྱུ་མཚན་ལ་བསམ་བློ་བཏང་ནས་མཆན་བུ་འདེབས་རོགས། ཅིས་ཀྱང་བོད་དོན་འཐབ་རྩོད་ཀྱི་གོང་བུ་གཅིག་ཏུ་བསྒྲིལ་རོགས། བོད་ཆིག་སྒྲིལ་ལ་དགོངས་བཞེས་གནང་རོགས།

ངས་རྩོམ་ཡིག་འདི་བྲིས་ནས་དྲ་གནས་ག་གེ་མོར་བཏང་ཡང་འགོད་སྤེལ་བྱས་མ་སོང། གཅིག་བྱས་ན་རྩོམ་ཡིག་ཅུང་རིང་དྲགས་པ་ཡིན་སྲིད། དེ་ཡིན་ན་གནད་འགག་མི་འདུག ཡང་ན་དྲ་བདག་གི་ལྟ་བ་དང་མཐུན་གྱི་མེད་པ་ཡིན་སྲིད། དེ་ནི་དྲ་བདག་ཚོའི་དམངས་གཙོའི་ལྟ་བའི་ཆུ་ཚད་དང་སྤྱི་ཚོགས་ལ་འགན་འཁུར་སྟངས་དང་འབྲེལ་བ་ཡོད། དེ་མིན་ན་རྩོམ་ཡིག་འདིས་སྤྱི་ཚོགས་ཀྱི་སྐྱོན་ཡོན་བསྔོག་འདོན་གང་འཚམ་བྱས་ཡོད་པས་ཡིན་སྲིད། ང་ནི་ཕྱི་མ་འདིར་དོགས་པ་ཡོད་ལ། གནས་ཚུལ་འདིས་སྐྱོན་ཡོན་སྦས་སྐུང་བྱས་ཏེ་འདྲ་ཆགས་པོ་ལ་དགྱེས་དགའ་བྱེད་ཀྱིན་པའི་རྟགས་མཚན་མཚོན་ཡོད། དེར་བརྟེན་ངས་དེ་རིང་དྲ་གནས་གཞན་དུ་རྩོམ་ཡིག་འདི་བཏང་བ་ཡིན་ལ། དེ་དང་ཆབས་གཅིག་ཁ་བྱང་བརྗེས་ཤིང་འགྱུར་བ་ཅུང་ཟད་བཏང་ཡོད། དེ་ནི་དུས་ཐོག་གི་རང་བཞིན་ནམ་གནས་སྐབས་ཀྱི་རང་བཞིན་དེ་ཡོལ་ཡོད་པས་ཡིན།

2012/9/25

Share this:
༤༤ ཀློག་གྲངས།