མཐར་ཐུག་གི་བདེ་བ་དེ་ནང་སེམས་ཀྱི་ཐོག་ནས་ཡོང་དགོས།

dalai lama_2012_10_1དེ་རིང་ཞོགས་པ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱལ་ཁབ་ཁག་༦༠ ཙམ་ནས་ཡོང་བའི་ཐའེ་ཝན་མི་རིགས་ཀྱི་ཆོས་ཞུ་བ་༨༠༠ དང་། བསྡོམས་པའི་དད་ལྡན་ཆོས་ཞུ་བ་༦༠༠༠ ཙམ་ལ། ༧གོང་ས་མཆོག་གིས་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་ཉིན་བཞིའི་རིང་གནང་གི་ཡོད་པ་རེད། 

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ ཀྱི་སྟེང་། ༧གོང་ས་མཆོག་ཕོ་བྲང་ནས་སྤྱན་རྒྱ་སྤོས་སྣེས་མདུན་བསུས་ཏེ་བཞུགས་ཁྲིར་འཁོད་རྗེས། ཆོས་ཞུ་བས་རྒྱ་སྐད་དང་བོད་སྐད་གཉིས་ཀྱི་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་སོང་།

dalai lama1_2012_10_1དེ་ནས་༧གོང་ས་མཆོག་གིས་ཐེངས་འདིའི་ཆོས་ཞུ་བ་ཚོར་ནང་ཆོས་ངོ་སྤྲོད་དང་འབྲེལ་གསུང་དོན། “ནམ་རྒྱུན་ངས་ཆོས་འབྲེལ་བྱེད་སྐབས་ཐོག་མར་སྤྱི་བཤད་ཀྱི་ཐོག་ནས་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད། འཛམ་གླིང་འདིའི་སྒང་ལ་མི་དུང་ཕྱུར་༧༠ ཙམ་ཡོད་པ་ཚང་མ་མི་ཡིན་སྟངས་གཅིག་པ་དང་། ལྷག་པར་དུ་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། དེ་བཞིན་དུད་འགྲོ་གཞན་དང་མི་འདྲ་བར་བསམ་བློ་གཏོང་སྟངས་ཆོས་དང་རྣམ་དཔྱོད་ཀྱི་ཤེས་རབ་ཟེར་བ་ཞིག་ཡོད་རེད། དུད་འགྲོའི་རྟེན་ཅན་ལས་ལྷག་ཅིག་ཡིན་པ་ཚང་མ་གཅིག་པ་རེད། མི་དུང་ཕྱུར་༧༠ དེ་སྐྱེས་དུས་དང་འཆི་དུས་གཉིས་ཀར་ཚང་མ་གཅིག་པ་རེད་མ་གཏོགས། བླ་མ་དང་དཔོན་པོ་ཡིན་ཟེར་ནས་སྐྱེས་སྟངས་དང་འཆི་སྟངས་མི་འདྲ་བ་ཁ་ཤས་རེ་མ་གཏོགས་ཡོད་མ་རེད། དེར་བརྟེན། མི་ཚང་མ་གཅིག་པ་རེད། དེ་བཞིན་ཉོན་མོངས་དང་ཆགས་སྡང་དེ་ཚོ་ཡོད་པ་ཡང་གཅིག་པ་རེད་”ཅེས་དང་།

ཁོང་གིས་མུ་མཐུད་གསུང་དོན“་བྱམས་པ་དང་བརྩེ་བ་ཡོད་ཚུལ་དེ་ཡང་གཅིག་པ་རེད། མི་ཙམ་དུ་མ་ཟད་པའི་དུད་འགྲོ་ཚུན་ཚད་ཀྱིས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་རེད། དུད་འགྲོ་དང་མི་གཉིས་ཀར་ཐུན་མོང་དུ་ཡོད་པའི་བདེ་བ་དང་སྡུག་བསྔལ་རིགས་གཅིག་དེ་གཙོ་བོ་སྒོ་ལྔའི་ཤེས་པ་ལ་བརྟེན་ནས་ཡོང་གི་ཡོད་རེད། མི་ལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་བསམ་བློ་གཏོང་རྒྱུ་ཡོད་པ་དེ་རེད། བསམ་བློ་གཏོང་རྒྱུ་ཡོད་པ་དེའི་རྐྱེན་གྱིས་རེ་དོགས་འདྲ་མིན་ཞིག་ཡོང་གི་ཡོད་རེད། དེའི་རྐྱེན་གྱིས་ཡིད་ལུས་སྟེང་གི་སྐྱིད་མི་སྐྱིད་ཟེར་བའི་ཚོར་བ་དེ་ཞེ་དྲག་ཤུགས་ཆེན་པོ་ཞིག་རེད་འདུག

སྒོ་ལྔའི་ཤེས་པ་ལ་བརྟེན་ནས་ཡོང་བའི་བདེ་སྡུག་དེ་དུད་འགྲོ་དང་གཅིག་པ་རེད་ལ་མི་ལ་ཡང་དེ་དགོས་ཀྱི་ཡོད་རེད། འདོད་པའི་ཡོན་ཏན་ལྔ་ཟེར་བ་དེ་རེད། ཡིན་ན་ཡང་། དུད་འགྲོ་ཞིག་ཡིན་ན་སྒོ་ལྔའི་ཤེས་པའི་བདེ་བས་ཡིད་ཚིམས་པ་ཞིག་བྱུང་ན་འགྲིག་གི་ཡོད་རེད།

ང་ཚོ་མི་ཡིན་པའི་ཆ་ནས་རྣམ་དཔྱོད་ཀྱི་ཐོག་ནས་རེ་དོགས་མང་པོ་ཡོད་པ་ཡིན་དུས། སྒོ་ལྔའི་ཤེས་པའི་ཐོག་ནས་བདེ་ཞིང་སྐྱིད་པ་ཞིག་ཡོད་ན་ཡང་། སེམས་ཀྱི་རེ་དོགས་དེ་ཚོ་སེལ་ཐུབ་ཀྱི་མ་རེད། སེམས་ཀྱི་ནང་ཡིད་ཚིམས་པ་ཞིག་བྱུང་བ་ཡིན་ན། ལུས་པོར་དཀའ་ངལ་འཕྲད་ན་ཡང་དེ་དྭངས་ལེན་བྱེད་ཐུབ་པ་ཞིག་རེད། དེར་བརྟེན། ཡིད་ལུས་ཀྱི་བདེ་སྡུག་དེ་ནུས་པ་དང་ཤུགས་ཆེ་བ་ཡོད་རེད། ཕྱོགས་གཞན་ཞིག་ནས་བཤད་ན་སྒོ་ལྔའི་ཤེས་པ་ལ་བརྟེན་པའི་བདེ་སྡུག་དེ། ཡིད་ལུས་ཀྱི་བདེ་སྡུག་གི་ཟུར་གྱིས་གནོན་ཐུབ་པ་ཞིག་རེད། སྒོ་ལྔའི་ཤེས་པར་བརྟེན་པའི་འདོད་ཡོན་ལྔའི་བདེ་སྡུག་ཡིད་ཚིམས་པ་ཞིག་ཡོད་ན་ཡང་། དེས་སེམས་ཀྱི་བདེ་སྡུག་དེ་ཟུར་གྱིས་གནོན་མི་ཐུབ་པ་ཞིག་ཡིན་པ་གསལ་པོ་རེད་”ཅེས་གསུངས་ཏེ། རྩ་བས་སྲོག་ལྡན་ཚང་མར་སྒོ་ལྔའི་ཤེས་པར་བརྟེན་པའི་འདོད་ཡོན་ལྔའི་བདེ་བ་དགོས་ཀྱི་ཡོད་རུང་། མཐར་ཐུག་གི་བདེ་བ་དེ་ནང་སེམས་ཀྱི་བསམ་བློ་གཏོང་ཕྱོགས་ལ་བརྟེན་ནས་ཡོང་དགོས་སྐོར་སོགས་ངོ་སྤྲོད་གནང་སོང་།

༧གོང་ས་མཆོག་གིས་ཐེངས་འདིའི་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་དེ་ཉིན་བཞིའི་རིང་གསུང་རྒྱུ་རེད་འདུག་ལ། ཉིན་མཐའ་མར་མི་མང་ཚོར་དབང་ཞིག་ཀྱང་གནང་འཆར་ཡོད་འདུག །

Share this:
༩༡ ཀློག་གྲངས།