རྒྱ་གར་དམག་སྤྱི་ཟུར་པ་ཞིག་གིས་བོད་དོན་རྒྱབ་སྐྱོར།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་སྣེ་ཁྲིད་འོག་རཱ་ཇ་སེ་ཐན་ (Rajasthan) མངའ་སྡེའི་ཇོཏ་སྤུར་ (Jodhpur) གྲོང་ཁྱེར་ནང་ཟླ་ ༡༠ ཚེས་ ༤ ཉིན་འབྱོར་ཏེ། དེར་ལས་འགུལ་སྤེལ་འདུག

ཚེས་༤ ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་རཱ་ཇ་སེ་ཐན་མངའ་སྡེའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པའི་སྒྲིག་འཛུགས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་སྣེ་ལེན་གནང་བ་དང་། ལྷག་པར་རྒྱ་གར་གྱི་ས་དམག་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ ཝི་ ཀེ་ སིང་ (Gen. V. K. Singh) དང་། གཞན་ཡང་དམག་དཔོན་ཟུར་པ་སྐུ་ཞབས་ ཨན་ སྦི་ སིང་ (Maj Gen. N. B. Singh) ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་རྒྱལ་ཚོགས་སུ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་ཡོད་པ་རེད།

རཱ་ཇ་སེ་ཐན་མངའ་སྡེའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པའི་སྒྲིག་འཛུགས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་ཟབ་རྒྱས་ཞུས་གནང་བ་མ་ཟད། བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད། ལྷག་པར་ཚོགས་གཙོ་སྐུ་ཞབས་ ར་ན་ ཇི་ཏ་ ཇོ་ཤི་ (Ranjeet Joshi) མཆོག་གིས་གཙོས་རྒྱུན་ལས་དང་ཚོགས་ཁག་ཅིག་གིས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད་པ་རེད།

ཟླ་ ༡༠ ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༠༢།༠༠ ཐོག་ཀི་སན་སྦ་ཝན་ (Kisan Bhavan) ཞེས་པའི་ཚོགས་ཁང་ནང་སྤྱི་འཐུས་ཀརྨ་ཡེ་ཤེས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོངས། སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ རེ་ཤམ་སྦ་ལ་(Resham Bala) ཡིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད།

དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་ཁུལ་འདིའི་སུད་ཚོང་སྐྱིད་སྡུག་གི་བོད་མི་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་བཅས་ཇོཏ་སྤུར་ (Jodhpur) རི་ལི་བབས་ཚུགས་ནས་འགོ་འཛུགས་ཀྱིས་ཇོཏ་སྤུར་གྲོང་ཁྱེར་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་ཆབས་ཅིག་མར་མེའི་ཁྲོམ་སྐོར་ཡིན་པ་རེད།།

Share this:
༩༠ ཀློག་གྲངས།