ཚོགས་གཙོ་དང་སྲིད་སྐྱོང་རྣམ་གཉིས་ཀྱིས་སྨྲ་བརྗོད་རང་དབང་བཀག་སྡོམ་བྱེད་ཀྱི་ཡོད་དམ།

By the Editorial Board of Tibetan Political Review  བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པས་སྤེལ།   ཁང་གསར་ཀརྨ་བསྟན་འཛིན་གྱིས་དབྱིན་ཡིག་ནས་བསྒྱུར།

མི་དམངས་ཀྱིས་འོས་འདེམས་བྱས་པའི་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཀྱི་ཐོག་ལ་ངེས་པར་དུ་བདེན་པ་དག་སྐྱེལ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། བོད་ནང་རང་ལུས་མེར་སྲེག་གི་དཀའ་ངལ་དང་། དམིགས་བསལ་སྐུ་ཚབ་དགོངས་ཞུ་བཅས་ཀྱིས་བཙན་བྱོལ་བོད་མིའི་འགོ་ཁྲིད་ཀྱིས་རྒྱ་ནག་གི་འོག་ཏུ་རང་སྲིད་རང་སྐྱོང་རྩོད་སླད་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་དེར་གནོན་ཤུགས་ཧ་ཅང་ཆེན་པོའི་གནས་སུ་གནས་ཡོད། སྲིད་བྱུས་དེ་སྲུང་སྐྱོབ་བྱ་རྒྱུར་དཀའ་ངལ་བྱུང་བཞིན་པའི་སྐབས་འདིར་ལས་འགུལ་གསར་པ་ཞིག་བརྒྱུད་བཙན་བྱོལ་གཞུང་གི་འགོ་ཁྲིད་ཚོར་སྐྱོན་བརྗོད་བྱེད་རྒྱུར་དྲག་ཤུགས་ཆེན་པོའི་བཀག་འགོག་བྱེད་ངེས་རེད། 
ལས་འགུལ་འདིའི་ནང་ལོ་གཅིག་ལྷག་ཙམ་རིང་རྩོད་གཞི་ཅན་གྱི་བཙན་བྱོལ་བོད་གཞུང་ལ་སྒྱུར་བཅོས་བྱ་རྒྱུ་དང་བསྐྱར་དུ་མིང་འདོགས་བྱ་རྒྱུའི་བགྲོ་གླེང་དེ་བསྐྱར་ལོག་བྱེད་བཞིན་པ་དེ་འཚུད་ཡོད། འདི་ནི་ཟླ་བ་ ༩ ཚེས་ ༢ བོད་ལྗོངས་མང་གཙོའི་དུས་ཆེན་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམས་གཉིས་ཀྱི་གཏམ་བཤད་ནང་མིང་འབོད་མ་གནང་བའི་མི་ཉུང་ཤས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ “ཐུགས་ཕམ་”འབྱུང་གཞིའི་རྐྱེན་བྱས་པར་སྐྱོན་འཛུགས་བྱེད་འགོ་ཚུགས།

ཞིབ་ཕྲའི་ལས་འགུལ་ཁག
༢༠༡༢ ཟླ་བ་ ༨ ཚེས་ ༣ ཉིན་ལ་དྭགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་གནང་སྐབས་ “བཙན་བྱོལ་བོད་གཞུང་”ཞེས་པའི་ཐ་སྙད་ཀྱི་རང་བཞིན་དང་། དེའི་འབྱུང་ཁུངས། “དགའ་ལྡན་ཕོ་བྲང་”ཞེས་པ་དེ་“བོད་གཞུང་”ནས་ལོགས་སུ་དགར་བའི་ཤུགས་རྐྱེན་གྱི་ཐོག་ལ་གསལ་བཤད་གནང་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་དུང་ “བོད་གཞུང་” བསྡུ་གསོག་བརྒྱབ་པ་རེད་ཟེར་བ་དེ་ནོར་འཁྲུལ་དང་། དེ་ཡིན་ཚུལ་བརྗོད་པའི་ཤུགས་རྐྱེན་གྱིས་གང་ཉིད་བློ་ཕམ་འབྱུང་བ་འགྲེལ་བརྗོད་གནང་། དེའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དངོས་ཡོད་གནས་ཚུལ་དང་། ཁུངས་ལུང་རྒྱུ་མཚན་ཡང་དག་སོགས་ཀྱི་སྒོ་ནས་གསལ་བཤད་ཞིབ་རྒྱས་གནང་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེའི་སྐབས་གསུངས་བའི་ཚིག་རྣམས་གཞན་གྱིས་བེད་སྤྱོད་བྱས་ནས་མི་དམངས་ཀྱི་གཏམ་བརྗོད་རང་དབང་འགོག་རྒྱུ་དེ་མགོན་པོ་གང་གིས་ཐུགས་འདོད་པ་ཞིག་ཡིན་ནམ། དེ་ཙམ་མ་ཟད་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ཀྱི་ཚིག་རྣམས་གཞན་དག་གིས་བེད་སྤྱོད་བྱས་ནས་ཆབ་སྲིད་པར་སྐྱོན་བརྗོད་བྱེད་རྒྱུར་བཀག་འགོག་བྱེད་རྒྱུ་ཡང་མགོན་པོ་གང་ཉིད་ཀྱི་ཐུགས་འདོད་པ་ཡིན་པ་གསུངས་མེད། 
འོན་ཀྱང་། སྟབས་མི་ལེགས་པ་ཞིག་ལ་དེ་ལྟར་འབྱུང་བཞིན་པར་སྣང་།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཟླ་བ་ ༩ ཚེས་ ༢ མང་གཙོའི་དུས་དྲན་ཐོག་མིང་འབོད་མ་གནང་བའི་མི་ཉུང་ཤས་ཀྱིས་ “ཤེས་བཞིན་དུ་ཡིན་ནམ་ཡང་ན་མ་ཤེས་བཞིན་” བོད་རིགས་ནང་ཁུལ་འགལ་ཟླ་བཟོ་བཞིན་འདུག་ཅེས་སྐྱོན་བརྗོད་གནང་སོང་། ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་ཀྱང་དེ་དེ་བཞིན་གྱིས་“བོད་མི་ཉུང་ཤས་ཤིག་ནས་གཞི་མེད་ཀྱི་སྐྱོན་བརྗོད་བྱས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་གཞི་རྩ་བྱས་པ་རེད། ”ཅེས་སྐྱོན་བརྗོད་གནང་།
ད་རེས་གྲོས་ཚོགས་ཀྱི་གཏམ་བཤད་ནང་དུ་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ད་དུང་རྒྱས་བཤད་གནང་བར།
“ཁོང་ཚོ་རང་ཉིད་ཀྱིས་རང་ཉིད་ཀྱིས་ལས་འགན་མ་བྱས་པར། བོད་མི་ཉུང་ཤས་ཤིག་གིས་རྒྱལ་ཡོངས་ཚོགས་ཆེན་དང་། དམིགས་བསལ་གྲོས་ཚོགས་ཚོགས་འདུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་དེ་མང་གཙོའི་ཐོག་ནས་ཐད་ཀར་འོས་འདེམས་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་འགན་དབང་རྩིས་སྤྲོད་གནང་བ་བཅས་ཀྱི་གནད་དོན་ཐོག་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱས་ནས་སྤྱི་ཚོགས་དཀྲུག་རྒྱུའི་བྱ་བའི་ནང་ཞུགས་ཀྱི་ཡོད།”
དེ་ལྟར་གཏམ་བརྗོད་མཁས་པ་བཞིན། ཚོགས་གཙོ་སྤེན་པ་ཚེ་རིང་གིས་གྲོས་ཚོགས་ཀྱི་ཐག་གཅོད་དེ་༸གོང་ས་མཆོག་གི་དབུ་འོག་ཏུ་འཁྱེར་སོང་། གྲོས་ཚོགས་ཀྱི་ཐག་གཅོད་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ད་ལྟ་༸གོང་ས་མཆོག་ལ་“ཞེ་འཁོན་”དང་ཐུགས་ཕམ་བཟོ་མཁན་ལྟ་བུར་ཁ་རྡུང་གཏོང་བཞིན་འདུག
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཁོང་གི་སྤྱི་འཐུས་ལས་རོགས་རྣམས་ལ་ཉེན་བརྡ་ཞིག་བཏང་ཡོད་པ་ནི། “གལ་སྲིད་ཁྱེད་ཚོས་རང་ཉིད་སྒེར་གྱི་ལངས་ཕྱོགས་བཤད་ན། བོད་མི་མང་སྤྱི་འཐུས་ཡིན་པའི་ལས་འགན་སྒྲུབ་ཀྱི་མེད་།” ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མངོན་གསལ་དོད་པོས་སྤྱི་འཐུས་རེ་རེ་ནས་གཞུང་གི་ཁ་ཕྱོགས་ལ་རྒྱབ་སྐྱོར་དགོས་པའི་འགན་འཁྲི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལྟ་བུའི་བསམ་བློ་གཏོང་བཏང་ནི་གང་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་སྐུ་ངལ་ཚད་མེད་བསྐྱོན་པའི་གུ་ཡངས་ཀྱི་མང་གཙོ་ཡང་དག་དང་ཁ་གཏད་དུ་འགྲོ་ཡི་ཡོད། ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགན་ནི་ཁྲིམས་བཟོ་རྒྱུ་དང་། ཁོང་ཚོས་དོན་དམ་དུ་གྲོས་ཚོགས་ཀྱི་འཐུས་མི་ནང་ཁུལ་ལམ་གཞུང་གི་དབུ་ཁྲིད་དང་བལྟ་ཚུལ་མི་མཐུན་པ་ཡོང་ཆོག་པ་རེད། གལ་སྲིད་དེ་ལྟར་ཡོང་གི་མེད་ཚེ་འདི་ནི་གཅིག་སྡུད་རིང་ལུགས་ཀྱི་ལམ་ལུགས་དང་གཅིག་མཚུངས་ཆགས་པ་རེད།

ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡང་ཁ་གཏད་བཅག་ཡོད། ཁོང་གིས་གསར་འགྱུར་བརྒྱུད་ལམ་དེ་ཚོ་ “སྤྱི་ཚོགས་དཀྲུག་རྒྱུའི་རྒྱུད་ལམ་” མི་བྱེད་རྒྱུའི་ཉེན་བརྡ་བཏང་བ་མ་ཟད། ཁོང་གིས་ “མི་ཉུང་ཤས་ཀྱིས་མིང་དངོས་སུ་སྨོས་མི་དགོས་པའི་ཐོག་ནས་སྤྱི་ཚོགས་དཀྲུག་རྒྱུ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་གི་ཡོད་པའི་གནས་ཚུལ་དྲ་རྒྱའི་ནང་ཐོན་གྱི་ཡོད།” གསུངས་པ་དང་། ཁོང་གིས་གསར་འགྱུར་རྒྱུད་ལམ་ཁག་ནས་“རྩོམ་ཡིག་དང་དག་མཆན་“comments”རྣམས་དྲྭ་རྒྱའི་ནང་མ་བཏང་བའི་སྔོན་དུ་གནས་ཚུལ་ལ་གཞི་རྩ་ཡོད་མེད་ཞིབ་དཔྱད་གནང་དགོས་” པའི་འབོད་སྐུལ་གནང་སོང་། 
ཚོགས་གཙོས་མང་མོས་ཀྱི་བསམ་ཚུལ་ལ་སྟངས་འཛིན་བྱེད་ཐབས་སུ་གསར་འགྱུར་རྒྱུད་ལམ་ལ་དོ་དམ་བྱེད་པའམ་འཇིགས་སྐུལ་བྱས་སྟབས། (བསམ་བཞིན་དུ་ཡིན་མིན་ལ་མ་ལྟོས་པར) ཁོང་བློ་མི་བདེ་བའི་གཅིག་སྡུད་རིང་ལུགས་ཀྱི་ལམ་སྲོལ་དང་ཉེ་བ་ཡོད་པར་མངོན། གསར་འགྱུར་བརྒྱུད་ལམ་ནི་དབང་ཤུགས་ཅན་གྱི་སྒྲིག་འཛུགས་དང་དེ་བཟུང་མཁན་ལ་ཞིབ་འཇུག་དང་ཁ་གཏད་གཅོག་མཁན་གྱི་ “མང་གཙོའི་ཀ་བ་བཞི་པ་” ཡིན་དགོས་པ་རེད། 
དེ་ཚོ་དང་འབྲེལ་ཡོད་གནས་ཚུལ་གཞན་ཞིག་ཐོན་པ་ནི། གློ་བུར་དུ་ཚོགས་པ་བཅུ་གཅིག་སྟེ། (དྷ་སར་རྟེན་གཞི་བྱས་པའི་ཚོགས་སྐྱིད་ཆུང་ཆུང་བཅུ་གཅིག་ལས་གྲུབ་པ་དང་ཁ་ཤས་གང་འཚམས་ཀྱི་གསར་པ་རེད།) ཁོང་ཚོའི་མངོན་གསལ་ཅན་གྱི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་གཞུང་གི་མིང་འགྱུར་བྱས་པ་དེ་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེ་ཙམ་མ་ཟད་སྐྱེ་བོ་སུ་འདྲ་ཞིག་གི་ཚབས་ཆེན་གྱི་སྤྱོད་ཚུལ་༸གོང་ས་༸སྐྱབས་མགོན་ཆེནཔ་པོ་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་མཁན་ལ་འཇིགས་སྐུལ་བྱ་རྒྱུ་དང་། ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་དུ་བཅུག་མཁན་རྣམས་ལ་ཁ་གཏད་གཅོག་རྒྱུ་དང་མི་རེ་ཟུང་དེ་དག་ཁྲིམས་ཁང་ལ་གཏུགས་རྒྱུ་དེ་རེད། གནད་དོན་འདིའི་ཐད་གསར་འགོད་གསལ་བསྒྲགས་སྤེལ་སྐབས་གསར་འགོད་པ་ཞིག་གིས་༸གོང་ས་༸སྐྱབས་མགོན་མཆོག་ཐུགས་ཕམ་དུ་འཇུག་མཁན་སུ་དང་སུ་ཡིན་ཞེས་འདྲི་སྐབས། ཚོགས་པ་བཅུ་གཅིག་གིས་༸གོང་ས་མཆོག་ལ་བཅར་ནས་བཀའ་འདྲི་ཞུས་ཞེས་གསར་འགོད་པར་བརྗོད་ཡོད།

དངོས་གནས་ཡིན་ནམ།
༸གོང་ས་མཆོག་གིས་ཐེངས་མང་རིང་ལ་མང་གཙོ་དང་སྨྲ་བརྗོད་རང་དབང་གལ་ཆེན་པོ་ཡིན་པ་གསལ་པོ་གསུངས་པ་སེམས་ནང་ཕྱིར་དྲན་བྱེད་པ་དགོས་པ་དང་། དངོས་དོན་དུ་དེ་ཚོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་གཅིག་གི་བསྒྲུབ་བྱ་ཞིག་དང་། ཕྱི་ལོ་ ༢༠༡༡ ཟླ་བ་ ༨ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྲིད་སྐྱོང་མཆོག་ལ་དབང་ཆ་རྩིས་སྤྲོད་གནང་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་ཀྱི་“རིང་ནས་སྙིང་དུ་བརྣག་པའི་འདོད་དོན་དེ་བསྒྲུབས་སོང་” ཞེས་གསུངས་ཡོད། དེས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོར་རྒྱབ་སྐྱོར་གྱི་དམ་བཅའ་གཏིང་ཟབ་བཟུང་བ་དེ་ལས་གསལ་བ་ཆགས། 
སྲིད་སྐྱོང་བློ་བཟང་སེང་གེའི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་རྩོམ་ཡིག་(S.J.D. dissertation)ནང་དུ“སྨྲ་བརྗོད་རང་དབང་”དང་ངོ་བོ་གཞན་གྱི་ཐོག་ནས་མཉམ་ཞུགས་ཀྱིས་བཙན་བྱོལ་སྒྲིག་འཛུགས་དེ་རྒྱུན་སྲིང་དང་སྲ་བརྟན་ཐུབ་ཀྱི་ཡོད་པ་སྐད་ཤུགས་ཆེན་པོས་བརྗོད་པ་དེ་དགོས་མེད་ཀྱི་བསྐྱར་བཤད་ཀྱང་བྱེད་མི་དགོས་ཡིན། 
གོང་གསལ་གྱི་ལྟ་གྲུབ་དེ་དག་གསལ་སྟོན་བྱས་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་བེད་སྤྱད་ནས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་ཀྱིས་འཇིགས་སྐུལ་བྱེད་རྒྱུར་འབད་པའི་ལས་འགུལ་འདི་ལག་ལེན་དུ་བསྟར་བཞིན་ཡོད་པ་ནི་ཕལ་ཆེར་བསམ་བརྗོད་ལས་འདས་པ་ཞིག་རེད། 
སྲིད་སྐྱོང་བློ་སེང་མཆོག་དང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་གྲོས་ཚོགས་ཚོགས་མི་ཁོང་རང་ཚོ་ཡང་ཁོང་ཚོས་ད་ལྟ་སྐྱོན་བརྗོད་བྱེད་བཞིན་པའི་ནག་ཉེས་དེའི་ནང་གཅིག་མཚུངས་ཀྱིས་བཞུགས་ཡོད་པ་ནི་ད་དུང་ཡ་མཚན་རེད།

དཔེར་ན།
༡༽ བློ་བཟང་སེང་གེ་ལགས་ཀྱིས་བཀའ་ཁྲིའི་འོས་འདེམས་ལས་འགུལ་སྐབས་“གཞུང་”ཞེས་པའི་ཚིག་འདི་བཙན་བྱོལ་བོད་གཞུང་གི་བོད་ཡིག་ཐོག་གི་མིང་དེར་མུ་མཐུད་གནས་དགོས་པ་དང་། མིང་འགྱུར་བྱེད་པར་སྐྱོན་བརྗོད་བྱས་ཡོད་པ་རེད། འོན་ཀྱང་ད་ལྟ་གནད་དོན་དེར་ཧུར་བརྩོན་ཆེན་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད།

༢༽ ཕྱི་ལོ་ ༢༠༡༡ ཟླ་བ་ ༣ ཚེས་ ༡༨ ཉིན་གྲོས་ཚོགས་ཀྱིས་ “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མུ་མཐུད་ནས་བོད་མིའི་ཆོས་སྲིད་ཀྱི་དབུ་ཁྲིད་གནང་རྒྱུར་གསོལ་འདེབས་ཤུགས་ཆེན་” (༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གང་ཉིད་ཀྱི་ཐུགས་འདུན་ལྟར་བགྲེས་ཡོལ་དུ་ཕེབས་རྒྱུ་གསུངས་གནང་ཡོད་ནའང་)གྲོས་གཞི་ཐག་གཅོད་གནང་བ་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་འདུན་དང་རྒྱབ་འགལ་དུ་ཕྱིན་ཡོད།

༣༽ ཕྱི་ལོ་ ༢༠༡༡ ཟླ་བ་ ༥ ཚེས་ ༢༤ ཉིན་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་གྱི་བོད་མི་ཚོགས་བཅར་བ་རྣམས་ཀྱིས་མང་མོས་ཀྱི་ཐོག་༸གོང་ས༌༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་བོད་གཞུང་གི་མཚོན་རྟགས་དབུ་ཁྲིད་གནང་རྒྱུར་སྐྱབས་འཇུག་ཞུས་ཡོད། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཆོད་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་དུ་ལུང་འདྲེན་གནང་ཡོད། རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་(སྲིད་སྐྱོང་བློ་སེང་མཆོག་དང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་སྤྱི་འཐུས་ཕལ་མོ་ཆེ་དེའི་ནང་ཡོད།) གྱི་མང་མོས་ཀྱི་རྒྱབ་གཉེར་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བགྲེས་ཡོལ་ཕེབས་རྒྱུའི་ཐུགས་འདུན་དང་རྒྱབ་འགལ་དུ་ཕྱིན་ཡོད།

༤༽ འདི་ལོའི་(ཕྱི་ལོ་ ༢༠༡༢) ཟླ་བ་ ༣ ཚེས་ ༢༠ ཉིན་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མིང་བསྒྱུར་གནང་བ་དེར་གྲོས་ཚོགས་ནང་མང་མོས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིང་དུ་“གཞུང་” (གནད་དོན་འདིའི་ནང་གྲོས་གཞི་དེ་ “དབུས་བོད་མིའི་གཞུང་”རེད།) ཟེར་བའི་ཚིག་འདི་ཕྱིར་འཇུག་རྒྱུའི་གྲོས་ཆོད་ལ་རྒྱབ་གཉེར་ལ་རྩོད་ལེན་གནང་ཡོད། གྲོས་གཞི་དེ་སླེབས་པར་འོས་གྲངས་ ༢༩ (གསུམ་ཆ་གཉིས་ཀྱི་མང་མོས།)དགོས་པས་སླེབས་ཐུབ་མེད། འོན་ཀྱང་བརྒྱ་ཆ་ ༥༠ མང་མོས་ཐོག་རྒྱབ་སྐྱོར་གྱི་འོས་གྲངས་ ༢༣ ཐོབ་ཡོད། 
རྒྱུ་མཚན་དེ་ཚོར་ཕྱི་མིག་ཞིག་བལྟས་ན། ཕལ་ཆེར་བོད་མིའི་འགོ་ཁྲིད་ཀྱིས་སོ་སོར་སྐྱོན་བརྗོད་བྱེད་དགོས་པ་ཞིག་མ་རེད་དམ། དེ་མིན་ན་ཕལ་ཆེར་འདིས་འཁྲབ་སྟོན་གཞན་ཞིག་བྱ་རྒྱུའི་བརྡ་སྟོན་གྱི་ཡོད་དམ། དོན་དམ་དུ་ལས་འགུལ་འདི་ནི་བཙན་བྱོལ་གཞུང་ལ་བསྐྱར་དུ་མིང་འདོགས་བྱ་རྒྱུའི་སྐོར་མིན། དེ་ལས་ལྡོག་སྟེ་བཙན་བྱོལ་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་། དེའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱི་ངག་སྒོ་གཅད་རྒྱུའི་འདུན་པ་བཅངས་ཡོད་མི་སྲིད་པ་མིན།
ལས་འགུལ་འདིའི་དམིགས་ཡུལ་ངོ་མ་དེ་ནི་སྲིད་སྐྱོང་བློ་བཟང་སེང་གེའི་བཀའ་ཤག་ནས་ཐད་ཀར་ད་ལྟའི་འཛིན་སྐྱོང་དེ་སྲུང་སྐྱོབ་བྱ་རྒྱུ་དེ་རེད། ཉེ་ལམ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཤུགས་ཆེན་པོས། བོད་མི་རྣམས་ཀྱིས་ངེས་པར་“གཞུང་གིས་གཏན་ལ་ཕབ་པའི་སྲིད་བྱུས་རྣམས་ལ་ངོས་བཞེས་གནང་དགོས་” ཞེས་བརྗོད་ཡོད། འཛིན་སྐྱོང་གི་སྲིད་བྱུས་རྣམས་ལ་སྐྱོན་བརྗོད་ཡོང་བཞིན་པའི་ཐོག་ལ། ཁོང་གིས་ “གནང་ཕྱོགས་ཁ་ཤས་ནི་ཕྱོགས་འགལ་ཚོགས་པ་ཡིན་པ་ལྟར་བྱས་ཏེ། ད་ལྟའི་གཞུང་གི་གནང་ཕྱོགས་དེ་ཚོ་ནུས་མེད་ཡོང་ཐབས་བྱེད་ཀྱི་ཡོད་པ་ལྟ་བུ་གནང་གི་འདུག དེ་ལྟར་བྱས་ན་སུ་ལ་དགོས་པའི་ལས་ཀ་རེད་དམ། དེ་དགོངས་པ་ཡག་པོ་བཞེས་དགོས་པ་རེད་”

མཐའ་བསྡོམས། ངོ་གནོང་དགོས་པའི་ལས་འདི་ངེས་པར་མཇུག་བསྡུ་དགོས།
ལས་འགུལ་འདི་ནི་ཕྱོགས་གཅིག་ནས་བཞད་ལྟ་བུ་དང་། ཕྱོགས་གཞན་ཞིག་ནས་ཆེས་ཉེན་ཚབས་ཅན་ཞིག་རེད། ཕྱི་ལོ་ ༢༠༠༨ ནས་བོད་ནང་དུ་ཞི་བའི་ངོ་རྒོལ་བྱུང་བ་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་ད་ལྟའི་རྒྱ་ནག་ལ་འབྲེལ་མོལ་གྱི་ཐབས་ལམ་དང་བཙན་བྱོལ་བོད་གཞུང་ནས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་དུ་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཡོངས་གྲགས་སུ་སྐྱོན་བརྗོད་ཀྱི་འབོད་སྒྲ་ཇེ་ཆེར་འགྲོ་བཞིན་ཡོད། སྐྱོན་བརྗོད་འགའ་ཞིག་གིས་བཙན་བྱོལ་སྤྱི་ཚོགས་ནང་དུ་མི་འགའ་ཤས་ལ་ཞེ་སྣང་སྐྱེ་བཞིན་ཡོད། ད་ལྟའི་འཆར་བོད་མི་རྣམས་ཀྱིས་བཙན་བྱོལ་གཞུང་ལ་སྐྱོན་བརྗོད་བྱེད་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་མེད་པར་ལྟ་བུར་མཐོང་གི་ཡོད། དེ་བཞིན་ད་ལྟའི་ལས་འགུལ་འདིའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་དང་(ཨི་ཏ་ལི་) རུ་གསུང་བཤད་གནང་བ་དེ་དག་ལ་འགྲེལ་བཤད་ལོག་པ་དང་བེད་སྤྱོད་ལོག་པ་བྱས་དང་བེད་བཞིན་འདུག 
ལས་འགུལ་འདིས་ང་ཚོའི་དབུས་སུ་འཁྲུལ་སྣང་གི་རྒྱལ་བཙོང་པ་ཡིན་པ་ཞིག་སློང་གི་འདུག ཁོང་ཚོས་གཞུང་ལ་སྐྱོན་བརྗོད་བྱེད་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་རྩི་མེད་པར་གྱུར་བ་དང་། གསར་འགྱུར་རྒྱུད་ལམ་ཉེན་བརྡ་གཏོང་བ། དེ་བཞིན་ཡ་མཚན་ཅན་གྱི་ཚོགས་པ་བཅུ་གཅིག་གིས་སྡིགས་ར་སྐུལ་འགོ་ཚུགསཔ་དེ་དག་རེད།
ཐབས་ཇུས་དེ་དག་གིས་བོད་རིགས་ནང་ཁུལ་དུ་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་རྣམས་དང་དེའི་སྲིད་བྱུས་ལ་མོས་མཐུན་མ་བྱས་པའམ་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་བཟུང་བ་ཙམ་གྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་ལོག་པར་མིང་འདོགས་བྱེད་སྲིད་པར་གྱུར་ཡོད། དེར་རྟེན་གཙོ་བོ་དྷ་རམ་ས་ལ་དང་དེ་བཞིན་བོད་མི་གནས་སྡོད་བྱེད་སའི་ས་ཁུལ་མང་པོའི་ནང་“ང་ཚོ་དང་། ཁོང་ཚོ་” ཞེས་པའི་རླུང་འཚུབ་ཞིག་ལྡང་བཞིན་འདུག 
འོན་ཀྱང་བོད་མི་རྣམས་རྨོངས་གཉིད་འདི་ལས་སད་ཐུབ་པའི་རེ་བ་ཡོད། གངས་ཅན་ལྗོངས་དང་བཙན་བྱོལ་ནང་རྟག་ཏུ་གུས་བརྩི་ཆེས་ཆེར་ཞུ་ཡུལ་གྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་“མཚན་སྨད་”ཞུ་མཁན་གྱི་ཉེན་ཁ་ངོ་མ་གང་ཡང་མེད། དོན་དམ་དུ་བོད་མི་རྣམས་སྔར་ལྷག་ཆིག་སྒྲིལ་གྱི་ངང་གནས་ཡོད་ལ། དེ་ནི་སོ་སོའི་རྒྱལ་ཁབ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆེད་དུ་ཐམས་ཅད་བློས་གཏོང་བྱེད་པར་འདོད་མཁན་གྱི་གཞིས་ལུས་བོད་མི་སྙིང་སྟོབས་ཅན་རྣམས་ཀྱི་སེམས་ཤུགས་ལ་རྗེས་སུ་ཡིད་རངས་བྱེད་དགོས་པ་ཡིན།
བོད་མིའི་ཆིག་སྒྲིལ་ལ་ཉེན་ཁ་གཅིག་རང་ཡོད་པ་དེ་ནི། ང་ཚོས་མཐོང་བཞིན་པ་ལྟར་མི་འགའ་ཤས་ཀྱི་(བསམ་བཞིན་དུའམ་མིན་པ།) ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་བེད་སྤྱོད་བྱས་ནས་སྨྲ་བརྗོད་རང་དབང་དང་། མང་གཙོའི་བགྲོ་གླེང་བཀག་འགོག་བྱེད་པ་དང་། དེ་དག་གིས་སྤེལ་བའི་འཇིགས་སྐུལ་བྱེད་པ་དེ་ཡིན། མང་གཙོ་དང་རྒྱབ་འགལ་གྱི་བྱ་སྤྱོད་དེ་དག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མང་གཙོ་དང་སྤྱི་དམངས་ཐོབ་ཐང་ལོ་མང་ཕྱག་ལས་གནང་བ་དང་དམ་བཅའ་བརྟན་པོར་འཛིན་པ་དང་ཁ་གཏད་དུ་འགྲོ་བཞིན་ཡོད།
ངོ་གནོང་དགོས་པའི་བྱ་སྤྱོད་དེ་རིགས་ངེས་པར་དུ་ད་ལྟ་རང་མཚམས་འཇོག་དགོས། འགོ་ཁྲིད་རྣམས་ཀྱིས་མི་མང་གི་བློ་དང་འབྲེལ་ནས་ཡོད་པའི་མང་གཙོའི་ལམ་ལུགས་དང་མི་མཐུན་པའི་ལས་ཀ་བྱས་ན་བོད་ཀྱི་རྩ་དོན་ལ་གནོད་ཚབ་ཆེ། དེ་ཙམ་མ་ཟད་མོས་མཐུན་མི་བྱེད་པ་དེ་གུས་བརྩི་མེད་པ་དང་གཅིག་མཚུངས་སུ་བརྩི་བ། དེ་བཞིན་མིང་འབོད་མ་བྱས་པའི་“མི་ཉུང་ཤས་”ལ་ཞེ་འཁོན་ངང་ཉེས་འཛུགས་བྱེད་པ། སྤྱི་འཐུས་ཚང་མས་གཞུང་གི་ལངས་ཕྱོགས་འཛིན་དགོས་པའི་དགོས་འདུན་འདོན་པ་དང་། གསར་འགྱུར་རྒྱུད་ལམ་ཁག་ལ་འཇིགས་སྐུལ་བྱེད་བ་སོགས་ལམ་སེང་མཚམས་འཇོག་དགོས། བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་ཀྱིས་ཐབས་བྱུས་དེ་འདྲ་བྱེད་སྤྱོད་པ་དེ་ནི་ཁོང་རང་ཚོ་དང་། བོད་མི་དམངས། དེ་ལས་ལྷག་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མང་གཙོའི་ལམ་ལུགས་ཀྱི་འཆར་སྣང་བཅས་ལ་སྤོབས་པ་སྐྱེ་འོས་པའི་དུས་ཤིག་མིན།

ཐུགས་སྣང་། རྩོམ་འདི་དབྱིན་ཡིག་ནས་བསྒྱུར་བ་ཡིན། གལ་སྲིད་དོན་དང་ཐ་སྙད་སོགས་ལ་ཧེ་བག་ཡོད་ཚེ་དབྱིན་ཡིག་དེར་བརྩི་འཇོག་དགོས།

Share this:
༡༠༢ ཀློག་གྲངས།