ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར།

misshimalaya5དེ་རིང་ཞོགས་པར་ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས། གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཧི་མ་ལ་ཡའི་མཛངས་མའི་སྔོན་འགྲོའི་འགྲན་སྡུར་དང་། ཚེས་༡༣ ཉིན་དངོས་གཞིའི་འགྲན་བསྡུར་བྱ་རྒྱུ་ཡིན་ཞེས་བསྒྲགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་། དྷ་སའི་མེག་གྷན་དུ་ཡོད་པའི་བྷག་སུ་གསོལ་མགྲོན་ཁང་དུ། ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར་གྱི་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས།  གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་ལོ་རྗེས་མའི་ཕྱི་ཟླ་༢ པའི་ནང་བྱ་རྒྱུ་ཡིན་སྐོར་དང་། ཟླ་འདིའི་ཕྱི་ཚེས་༡༢ དང་། ༡༣ སོ་སོར་བོད་ཀྱི་ཟློས་གར་ཁང་དུ་ལོ་འདིའི་ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

misshimalaya4ཐེངས་འདིའི་འགྲན་སྡུར་གྱི་ནང་ཧི་མ་ལ་ཡའི་རི་རྒྱུད་ཁག་ཅིག་ནས་བུ་མོ་ལྔ་མཉམ་ཞུགས་བྱས་ཡོད་པ་ལས། སི་ཀིམ་ནས་ཡིན་པའི་རང་ལོ་༡༩ ཅན་གྱི་བུ་མོ་ཨ་ནེཧེ་ནོར་བུ་དང། རང་ལོ་༡༨ ཅན་གྱི་བུ་མོ་ཀུན་དགའ་ཚེ་བརྟན་དང་། རང་ལོ་༢༣ ཅན་གྱི་བུ་མོ་རིན་ཆེན་སྒྲོལ་མ་བཅས་དང་། ཀང་ར་ནས་ཡིན་པའི་རང་ལོ་༡༩ ཅན་གྱི་བུ་མོ་རཱ་ཆུ་ན་དི་མན།  པི་ཏི་ནས་ཡིན་པའི་རང་ལོ་༢༢ ཅན་གྱི་བུ་མོ་འཕྲིན་ལས་དབྱངས་ཆེན་བཅས་ཡིན་པ་རེད།

འགྲན་སྡུར་བྱེད་སྐབས་སྡེ་ཚན་མི་འདྲ་བ་བཞིའི་ཐོག་ནས་འདེམས་རྒྱུ་རེད་འདུག དེ་ཡང་སྒྱུ་རྩལ་དང་། སོ་སོ་ངོ་སྤྲོད། ཡུལ་ལུང་སོ་སོའོ་ཆས་གོས། བཅར་འདྲི་བཅས་ཀྱི་ཐོག་ནས་ཡིན་པ་རེད་འདུག་ལ། ཨང་དང་པོར་ཧིན་སྒོར་འབུམ་གཅིག་དང་། ཨང་གཉིས་པར་སྟོང་ཕྲག་ལྔ་བཅུ། ཨང་གསུམ་པར་སྟོང་ཕྲག་ཉི་ཤུ་རྩ་ལྔ་སྤྲོད་རྒྱུ་ཡིན་པ་རེད།

གསར་འགོད་གསལ་བསྒྲགས་ཐོག་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་གསུང་དོན། “ཐེངས་འདིའི་འགྲན་སྡུར་ནང་མཉམ་ཞུགས་བྱེད་མཁན་ཧི་མ་ལ་ཡའི་རི་རྒྱུད་ནས་བུ་མོ་ལྔ་ཡོད་རེད། ཧི་མ་ལ་ཡའི་རི་རྒྱུད་ཁག་གི་ཁོར་ཡུག་དང་མི་མང་དེ་ཚོ་འཛམ་གླིང་ནང་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ངས་སྡིངས་ཆ་འདི་འདྲ་ཞིག་བསྐྲུན་པ་རེད། སྡིངས་ཆ་འདིའི་ཐོག་ནས་མི་མང་ཕན་ཚུན་ལ་བསམ་ཚུལ་བསྡུ་ལེན་དང་། མཐུན་འབྲེལ་ཡོང་ཐབས་ཀྱི་རེ་བ་བྱེད་ཀྱི་ཡོད། དེ་ནང་བཞིན་ད་ལྟའི་ཆར་ཧི་མ་ལ་ཡའི་རི་རྒྱུད་ཁག་ལ་ཁོར་ཡུག་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་དུས། ང་ཚོས་གནས་སྟངས་དེའི་ཐོག་ལ་ཡང་སྐད་ཆ་བཤད་རྒྱུའི་གོ་སྐབས་ཡོང་གི་རེད། ཧི་མ་ལ་ཡའི་རི་རྒྱབ་ཏུ་ཡོད་པའི་བོད་རིགས་དང་། ལྷག་པར་དུ་ལོ་གཅིག་གཉིས་ཀྱི་ནང་བོད་ནང་གི་བོད་མི་༥༠ ལྷག་གིས་རང་སྲོག་བློས་བཏང་པ་དེ་ང་ཚོས་ཤེས་ཀྱི་ཡོད། ཁོང་ཚོས་བློ་གཏོང་དེ་དག་ཆུད་ཟོས་སུ་མི་འགྲོ་ཆེད་ང་ཚོས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་ཡི་ཡོད་”ཅེས་དང་།

ཡང་ཁོང་གིས་འགྲོ་སོང་སྐོར་ནས“་ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར་དེ་འགྲོ་སོང་ཆེན་པོ་རེད། ད་ལྟའི་ཆར་རོགས་རམ་ཁྱོན་ཆེན་པོ་བྱེད་མཁན་བྱུང་མ་སོང་། ང་རང་གི་གྲོགས་པོ་ཁ་ཤས་ཀྱིས་དངུལ་ཏོག་ཙམ་སྤྲད་སོང་། ཡིན་ན་ཡང་འགྲོ་སོང་གི་ཐད་དཀའ་ངལ་འཕྲད་མིན་ལ་མ་ལྟོས་པར་ངས་གོ་སྒྲིག་བྱེད་ཀྱི་ཡིན། ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར་དེའི་ཐོག་ལ་༢༠༡༠ ལོ་ནས་ངས་བསམ་བློང་བཏང་བ་ཡིན། ༢༠༡༠ ཕྱི་ཟླ་༢ པའི་ནང་miss Himalaya.com དེ་དེབ་སྐྱེལ་བྱས་པ་ཡིན། མ་འོངས་པར་ཧི་མ་ལ་ཡའི་རི་རྒྱུད་ཁག་གི་གྲོང་པ་ཚོའི་ནང་གོ་སྒྲིག་བྱ་འཆར་ཡོད། རྩ་བས་ཐེངས་འདིར་བུ་མོ་༦ ཡོད། ཡིན་ན་ཡང་དེ་རིང་༥ མ་གཏོགས་སླེབས་མི་འདུག བོད་ཀྱི་མཛངས་མའི་འགྲན་སྡུར་དེ་ལོ་རྗེས་མའི་ཕྱི་༢ པའི་ཚེས་༡༣ རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་ཏུ་གོ་སྒྲིག་བྱེད་རྒྱུ་ཡིན། དེ་ཡང་ལས་འགུལ་ཞིག་གི་ངོ་བོའི་ཐོག་ནས་འགྲན་སྡུར་བྱ་རྒྱུ་ཡིན་”ཞེས་བརྗོད་སོང་།

ཐེངས་འདིའི་ལྟད་མོ་བ་མི་རེའི་ངོས་ནས་ཉིན་དང་པོའི་འཛིན་བྱང་ལ་ཧིན་སྒོར་༡༠༠ དང་། ཉིན་གཉིས་པ་སྟེ་དངོས་གཞིའི་འགྲན་བསྡུར་ཉིན་ཧིན་སྒོར་༡༥༠ རེད་འདུག

misshimalaya1misshimalaya2misshimalaya3

Share this:
༡༢༤ ཀློག་གྲངས།