༢༠༡༢ལོའི་ཧི་མ་ལ་ཡའི་མཛངས་མ།

miss_himalaya༢༠༡༢ལོའི་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་གྱི་དངུལ་གྱི་དབུ་རྒྱན་དེ་འབྲས་ལྗོངས་ནས་ཡིན་པའི་བུ་མོ་རིན་ཆེན་སྒྲོལ་མ་བྷོ་ཊི་ཡར་གཡོགས་སོང་། ཁོང་ནི་རང་ལོ་༢༣ ཡིན་པ་དང་། བྱ་དགའི་དངུལ་དེ་ཉམ་ཐག་ལ་ཞལ་འདེབས་སུ་སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་བོད་ཀྱི་མཛངས་མ་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༡༢ ཉིན་དྷ་ས་བོད་ཀྱི་ཟློས་གར་ཁང་དུ། ༢༠༡༢ལོའི་ཧི་མ་ལ་ཡའི་མཛངས་མའི་སྔོན་འགྲོའི་འགྲན་བསྡུར་བྱས་ཡོད་པ་ལྟར། ཕྱི་ཚེས་༡༣ ཉིན་གྱི་དགོང་དྲོར་བོད་ཀྱི་ཟློས་གར་ཁང་དུ་མཐའ་མའི་འགྲན་བསྡུར་གྱི་མཛད་སྒོ་ཞིག་འཚོགས་སོང་ལ། མཛད་སྒོའི་ཐོག་མར་ལྟད་མོ་བ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད། རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་ཆེད་ངག་བཅད་སྐར་མ་གཅིག་བྱས་སོང་།

དངོས་གཞིའི་འགྲན་བསྡུར་སྐབས་འགྲན་ཞུགས་པ་ཚོ་རེ་རེ་བཞིན་གར་སྟེགས་སྟེང་ཡོང་ནས་ལུས་ཀྱི་མཛེས་སྡུག་གི་སྒེག་ཉམས་དང་། ངག་གི་འགྱུར་ཁུགས་ཀྱི་སྒྱུ་རྩལ་ལ་རོལ་ཏེ། གཟུ་དཔང་པ་གསུམ་གྱིས་སྡེ་ཚན་བཞིའི་སྒོ་ནས་བརྒྱ་ཆ་སྤྲད་མཐར། ཐེངས་འདིའི་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་བ་བུ་མོ་རིན་ཆེན་སྒྲོལ་མ་བྷོ་ཊི་ཡར་བརྒྱ་ཆ་༢༧༨ ཐོབ་སྟེ། ༢༠༡༢ ལོའི་ཧི་མ་ལ་ཡའི་མཛངས་མའི་གཟེངས་རྟགས་དང་། ཀང་ར་ནས་ཡིན་པའི་བུ་མོ་ནཱ་ཇ་ན་དི་མར་བརྒྱ་ཆ་༢༧༠ ཐོབ་ནས་ཨང་གཉིས་པ། སི་པི་ཏི་ནས་ཡིན་པའི་བུ་མོ་འཕྲིན་ལས་དབྱངས་ཅན་བྷོ་ཊི་ཡར་བརྒྱ་ཆ་༢༦༨.༥ ཐོབ་ནས་ཨང་གསུམ་པ་ཐོབ་སོང་།

miss_himalaya2ཧི་མ་ལ་ཡའི་མཛངས་མ་ཐོབ་པར་བྱ་དགའ་ཧིན་སྒོར་འབུམ་གཅིག་དང་། ཨང་གཉིས་པར་ཁྲི་ལྔ། ཨང་གསུམ་པར་ཉིས་ཁྲི་ལྔ་སྟོང་ཡོད་པ་རེད། མཛངས་མ་རིན་ཆེན་སྒྲོལ་མ་བྷོ་ཊི་ཡ་ནི་རང་ལོ་༢༣ ཡིན་པ་དང་། ཁོང་གིས་བྱ་དགའི་དངུལ་དེ་ཉམ་ཐག་ལ་ཞལ་འདེབས་སུ་སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག

མཛད་སྒོའི་ཐོག་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་གཏམ་བཤད་བྱེད་སྐབས། མཛངས་མ་འགྲན་བསྡུར་འདི་ཡང་བོད་དོན་ལས་འགུལ་ཞིག་གི་ངོ་བོའི་ཐོག་ནས་གོ་སྒྲིག་བྱེད་ཀྱི་ཡོད་སྐོར་དང་། ༢༠༡༢ ལོའི་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་ལ་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་བུ་མོ་ལྔ་མཉམ་ཞུགས་བྱས་ཡོད་པ་ལྟར་གང་འཚམ་གྱིས་ཚགས་ཚུད་པོ་བྱུང་ཡོད་སྐོར། དེ་བཞིན་ཐེངས་འདིར་བོད་ཀྱི་བུད་མེད་ཚོས་ཆ་ཤས་མ་བླངས་པ་དེ་གོ་སྐབས་ཤོར་བ་ཡིན་ཚུལ་དང་། མ་འོངས་པར་མུ་མཐུད་དུ་ ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་གོ་སྒྲིག་བྱ་འཆར་ཡོད་པས་ཚང་མས་རྒྱབ་སྐྱོར་བྱེད་དགོས་སྐོར་སོགས་བརྗོད་སོང་།

དེ་བཞིན་འདི་ལོར་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཌོག་ཊར་མ་ཧེ་ཤ་ཡ་རྡབ་ཀྱིས་གོ་སྒྲིག་འོག་ཧི་མ་ཡའི་མཛངས་མའི་འགྲན་སྡུར་ཞེས་པ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། དེའི་ནང་རྒྱལ་ཁ་ཐོབ་པོའི་མཛངས་མ་དང་། གོ་སྒྲིག་པ་ཌོག་ཊར་ཡ་རྡབ་གཉིས་རྡ་སར་ཡོང་སྟེ་བོད་དོན་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།།

miss_himalayamiss_himalaya1miss_himalaya3

Share this:
༥༥ ཀློག་གྲངས།