དོན་འགྲུབ་དབང་ཆེན་གྱི་མིང་མ་བརླགས་པའི་ཆེད་དུ་ཡིན།

filmfing fortibetདེ་རིང་ཕྱི་དྲོ་བོད་ཀྱི་གློག་བརྙན་དུས་ཆེན་དང་འབྲེལ་བའི་མཛད་སྒོ་ཞིག་འཚོགས་ཏེ།  སོ་སོའི་མི་རིགས་ལ་སོ་སོས་དོ་སྣང་དང་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས། ཐེངས་འདིའི་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་དབང་ཀརྨ་མ་པས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་བོད་ཀྱི་གློག་བརྙན་དུས་ཆེན་དྷ་སར་འཚོག་གཏན་ཁེལ་བ་དང་སྟབས་བསྟུན། ཕྱི་ཚེས་༡༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༣ པའི་སྟེང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་གཙུག་ལག་ཁང་དུ་སུད་སིར་གནས་སྡོད་ བོད་ཀྱི་གློག་བརྙན་དུས་ཆེན་གྱི་ཚོགས་མི་ཉི་མ་དོན་འགྲུབ་དང་། ཚེ་བརྟན། གཞན་ཡང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག བོད་ཀྱི་གློག་བརྙན་དུས་ཆེན་དང་འབྲེལ་བའི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་༧དཔལ་རྒྱལ་དབང་ཀརྨ་མ་པས་དབུས། བོད་ཀྱི་གློག་བརྙན་དུས་ཆེན་གྱི་སྦྱིན་བདག་རྣམ་པ་བཅས་ཆེད་ཕེབས་འདུག

filmfing fortibet1མཛད་སྒོའི་ཐོག་བོད་ཀྱི་གློག་བརྙན་དུས་ཆེན་གོ་སྒྲིག་པ་ཉི་མ་དོན་འགྲུབ་ཀྱིས་གཏམ་བཤད་གནང་དོན། “ང་ཚོ་བོད་ཀྱི་གློག་བརྙན་དུས་ཆེན་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་དེ། སུད་སི་ལེན་ལ་ཡོད་རེད། མིང་ལ་filmfing fortibet ་ཟེར་གྱི་ཡོད། ཚོགས་པ་དེའི་ལས་མི་ཚང་མས་སེམས་ཤུགས་ཆེན་པོས་སོ་སོའི་ལས་ཞོར་དུ་ལས་ཀ་བྱེད་ཀྱི་ཡོད། བོད་ཀྱི་གློག་བརྙན་དུས་ཆེན་དེ་དང་པོ་ག་འདྲ་བྱས་ནས་བྱུང་ན་རེད་ཟེར་ན། ༢༠༠༧ ལོར་དོན་འགྲུབ་དབང་ཆེན་དང་ཁོ་རང་གི་གྲོགས་པོ་མགོ་ལོག་འཇིག་མེད་གཉིས་ཀྱིས། ལོ་གཅིག་གི་རིང་བོད་ནང་གི་བོད་མི་༡༠༠ ལྷག་ལ་བོད་ནང་གི་གནས་སྟངས་བཅར་འདྲི་དང་། བོད་ནང་གི་གནས་སྟངས་པར་བརྒྱབ་སྟེ་སུད་སིར་གཏོང་ཐུབ་ཡོད་པ་རེད། དེ་ནས་དུས་ཚོད་རིང་པོ་མ་འགོར་བར་རྒྱ་གཞུང་གི་དམག་མིས་ཁོང་གཉིས་བཙོན་ཁང་ནང་དུ་བཅུག་པ་རེད། དེར་བརྟེན། ང་ཚོས་༢༠༠༩ ལོར་བོད་ཀྱི་གློག་བརྙན་དུས་ཆེན་ཐེངས་དང་པོ་འཚོགས་ཐུབ་པ་བྱུང་ཡོད་རེད། དེ་ཡང་རྒྱུ་མཚན་གཙོ་བོ་དེ་དོན་འགྲུབ་དབང་ཆེན་ཟེར་བའི་མིང་དེ་འཛམ་གླིང་གི་ཚགས་པར་ཐོག་ནས་མ་བརླགས་པའི་ཆེད་ཡིན་”ཞེས་བརྗོད་སོང་།

དེ་བཞིན་འདི་བོད་ཀྱི་གློག་བརྙན་བཟོ་མཁན་གྱི་ན་གཞོན་ཚོའི་སྡིངས་ཆ་ལྟ་བུར་གྱུར་ཡོད་སྐོར་དང་། བོད་མིས་བཟོས་པའི་གློག་བརྙན་དེ་ཚོ་འཛམ་གླིང་ནང་སྐད་གྲགས་ཆགས་ཡོད་ན་ཡང་། བོད་མིའི་སྤྱི་ཚོགས་ནང་དེ་དག་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག་པས། མ་འོངས་པར་བོད་མིའི་སྤྱི་ཚོགས་ནང་སོ་སོའི་མིས་བཟོས་པའི་གློག་བརྙན་དེ་དག་ལ་ཆེ་མཐོང་ཡོང་ཆེད་དུ་བོད་ཀྱི་གློག་བརྙན་དུས་ཆེན་གོ་སྒྲིག་བྱས་པ་ཡིན་སྐོར། དེ་བཞིན་གློག་བརྙན་དུས་ཆེན་སྐབས་གློག་བརྙན་ཐུང་ཐུང་ཁག་ཅིག་འགྲན་བསྡུར་བྱས་ཏེ། ཨང་དང་པོར་ཌོ་ལར་༥༠༠ དང་། ཨང་གཉིས་པར་ཌོ་ལར་༣༠༠། ཨང་གསུམ་པར་ཌོ་ལར་༢༥༠ སྤྲད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

སྐུ་མགྲོན་གཙོར་བོ་༧དཔལ་རྒྱལ་དབང་ཀརྨ་མ་པས་གསུང་བཤད་གནང་སྐབས། “དུས་རབས་༢༡ པའི་ནང་གློག་བརྙན་ཡིན་ན་ཡང་མིའི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་སྤྲད་ཐུབ་ཀྱི་ཡོད་རེད། གློག་བརྙན་བརྒྱུད་ནས་མི་རིགས་ཀྱི་གོམས་གཤིས་དང་ལྟ་བ། དེ་བཞིན་རིག་གཞུང་ལ་རྒྱུས་ལོན་བྱེད་ཐུབ་པ་ཡོང་གི་ཡོད་རེད། དེར་བརྟེན། གློག་བརྙན་ཚད་ལྡན་བཟོས་ནས་རྒྱལ་སྤྱིའི་ཁྲོམ་རའི་ཐོག་ལ་བཀྲམ་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་ང་ཚོས་བོད་དོན་དེ་ཐབས་འདྲ་མིན་གྱི་ཐོག་ནས་ཁྱབ་བསྒྲགས་བྱེད་དགོས་པ་གལ་ཆེན་པོ་རེད། བོད་དོན་དྲིལ་བསྒྲགས་ཡིན་ན་མཐའ་གཅིག་ཏུ་ཆབ་སྲིད་ཀྱི་རྣམ་པ་ཡིན་དགོས་མ་རེད། གཙོ་ཆེ་ཤོས་བོད་ཀྱི་ཆོས་དང་རིག་གཞུང་གོམས་གཤིས་སོགས་མི་མང་པོ་ཞིག་གིས་ཤེས་རྟོགས་བྱུང་བ་ཡིན་ན། འཛམ་གླིང་གི་མི་མང་པོ་ཞིག་གིས་བོད་མིའི་ཆོས་དང་རིག་གཞུང་ལ་དོ་སྣང་དང་ཆེ་མཐོང་ཆེ་བ་ཡོང་གི་རེད་བསམ་གྱི་ཡོད། དེར་བརྟེན། དེ་རིང་འདིར་བོད་ཀྱི་གློག་བརྙན་དུས་ཆེན་གྱི་མཛད་སྒོའི་ཐོག་བཅར་ཐུབ་པ་དགའ་པོ་བྱུང་། བོད་མིས་བཟོས་པའི་གློག་བརྙན་དང་ལས་ཀ་རེ་ཡིན་ན་ཡང་བོད་མི་ཚོས་ཆེ་མཐོང་དང་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་དུ་“མི་རིགས་གཞན་གྱིས་བོད་མིས་བཟོས་པའི་གློག་བརྙན་ལ་ཆེ་མཐོང་སྤྲད་ཀྱི་ཡོད་ན་ཡང་། བོད་མིས་ཤེས་ཀྱི་ཡོད་པ་མ་རེད། དཔེར་ན། བོད་མིས་བཟོས་པའི་གློག་བརྙན་ཁ་ཤས་ལ་རྒྱ་ནག་དང་རྒྱལ་སྤྱིའི་སྒང་ནས་གཟེངས་རྟགས་རག་ཡོད་པ་རེད། ཡིན་ན་ཡང་ང་རང་ཚོས་དེ་ཙམ་གྱིས་དོ་སྣང་བྱེད་ཀྱི་ཡོད་མ་རེད་ལ། དེ་འདྲ་ཞིག་ཡོད་མེད་ཀྱང་ཤེས་ཀྱི་ཡོད་མ་རེད། དེ་ཐབས་སྐྱོ་པོ་རེད། དེས་སོ་སོའི་མི་ལ་སོ་སོས་དོ་སྣང་དང་རྒྱབ་སྐྱོར་མེད་པ་མཚོན་གྱི་ཡོད་པ་རེད། གོ་སྐབས་དང་དཔལ་འབྱོར་མེད་པའི་དཀའ་ངལ་རེད་མ་གཏོགས་གཞན་ང་ཚོ་བོད་མིས་མ་འཇོན་པ་མེད་པ་དང་། གཙོ་བོ་དེ་བོད་མི་ནང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།

མཛད་སྒོ་གྲུབ་རྗེས་གོ་སྒྲིག་པ་ཉི་མ་དོན་འགྲུབ་ཀྱིས་འགྲེལ་བཤད་དང་སྦྲགས། དེ་སྔོན་འགྲན་སྡུར་བྱས་པའི་ཁོངས་ནས་ཨང་དང་པོ་དང་གཉིས་པ་སོན་པའི་གློག་བརྙན་ཁག་ཅིག་ཚོགས་བཅར་བ་ཚོར་གཟིགས་འབུལ་གནང་སོང་། ལོ་སྔོན་མའི་བོད་ཀྱི་གློག་བརྙན་འགྲན་བསྡུར་གྱི་བརྗོད་གཞི་ཨ་མ་ཞེས་པ་ཡིན་པ་དང་། ༢༠༡༢ ལོའི་བོད་ཀྱི་གློག་བརྙན་འགྲན་སྡུར་གྱི་བརྗོད་གཞི་སེམས་ཤུགས་ཞེས་པ་དེ་རེད་འདུག

༢༠༡༢ ལོའི་བོད་ཀྱི་གློག་བརྙན་དུས་ཆེན་དེ་ཟླ་འདིའི་ཕྱི་ཚེས་༢༧ ཉིན་ནས་འགོ་བརྩམས་ཏེ། ཉིན་གཉིས་ཀྱི་རིང་བོད་ཀྱི་ཟློས་གར་ཁང་དུ་འགོ་འཛུགས་གནང་རྒྱུ་རེད་འདུག་ལ། སྐབས་དེར་བོད་མིས་བཟོས་པའི་གློག་བརྙན་ཐུང་གྲས་ཁག་ཅིག་འགྲན་སྡུར་གྱིས་རྩེ་ཕུད་ཚོར་བྱ་དགའ་ཡང་གནང་རྒྱུ་རེད་འདུག དྷ་སར་བོད་ཀྱི་གློག་བརྙན་དུས་ཆེན་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།།

Share this:
༥༠ ཀློག་གྲངས།