རྒྱ་གཞུང་གི་ལས་བྱེད་དང་མི་མང་སྤུན་མཆེད་སྒྲིག་དགོས་ཟེར།

ཟླ་འདིའི་ཚེས་༡༩ ཉིན་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། དེང་སྐབས་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་རྒྱ་ནག་གཞུང་གི་ལས་བྱེད་མང་པོ་མི་མང་ནང་ཡོང་ནས། ལས་བྱེད་དང་ཁྱིམ་ཚང་སྤུན་མཆེད་བསྒྲིག་དགོས་པའི་ལས་འགུལ་ཞིག་སྤེལ་གྱི་ཡོད་འདུག

དེ་ཡང་ཟླ་གཅིག་གི་སྔོན་ཙམ་ནས་དཀར་མཛེས་ཁུལ་རྟའུ་རྫོང་གི་རྒྱ་ནག་གཞུང་གི་ལས་བྱེད་ཚང་མས་འགན་ཁུར་བྱས་ནས། ལས་བྱེད་རེ་རེས་ས་གནས་ཁྱིམ་ཚང་འགའ་རེ་ལ་བདག་པོ་བརྒྱབ་སྟེ། ཁྱིམ་ཚང་རེ་རེ་ལ་ཁ་པར་ཨང་གྲངས་དང་མིང་ཡིག་ཡོད་པའི་ཤོག་བྱང་རེ་སྤྲད་དེ། ཤོག་བྱང་དེ་བླངས་ཉིན་ནས་ཁྱེད་རང་རྒྱལ་ཁབ་ཀྱི་ལས་བྱེད་པའི་གཉེན་ཉེ་རུ་གྱུར་པ་རེད། ཁྱེད་ལ་སྐྱིད་སྡུག་གང་བྱུང་ཚང་མ་ཁོ་ལ་བཤད་ན་རྒྱལ་ཁབ་རིམ་པས་ཁྱེད་ལ་རོགས་པ་བྱེད་རྒྱུ་རེད་ཅེས་བཤད་ཀྱི་ཡོད་འདུག

ཤོག་བྱང་དེ་ལེན་མཁན་ཁྱིམ་ཚང་འགའ་རེ་ལ་ཟ་སྣུམ་རྒྱ་མ་ལྔ་རེ་ཙམ་དང་།  ཇ་འཁོར་དྲུག་རེ། ཡང་ན་འབྲས་དོ་པོ་ཆུང་ཆུང་རེ་སྤྲོད་བཞིན་ཡོད་པ་དང་། ཁྱིམ་ཚང་ལ་ལར་གང་ཡང་སྤྲོད་ཀྱི་མེད་པ་རེད།  ཤོག་བྱང་དེ་ས་གནས་མི་མང་གིས་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ལེན་དགོས་ཀྱི་ཡོད་པ་དང་། གལ་དེ་ལེན་འདོད་མེད་མཁན་སུ་བྱུང་ན། རྗེས་སོར་གཞུང་གི་ལས་ཁུངས་རིམ་པ་བརྒྱུད་ནས་ལས་ཀ་གང་བྱེད་དགོས་ཀྱང་ལས་དོན་སྒྲུབ་ཐབས་མེད་པའི་འཇིགས་སྐུལ་དང་གནོད་ཤུགས་སྤྲོད་ཀྱི་ཡོད་འདུག དགའ་སྤྲོའི་རྣམ་འགྱུར་བསྟན་ནས་ཤོག་བྱང་དེ་བླངས་པ་ཡིན་ན་དེ་ལ་རྒྱལ་ཁབ་རིམ་པའི་འགོ་ཁྲིད་ཁག་གི་འདྲ་པར་ལག་ཏུ་འཛིན་བཅུག་ནས་པར་རྒྱག་པ་དང་། བསྟོད་བསྔགས་བྱེད་ཀྱི་ཡོད་འདུག་ནའང་།  ས་གནས་བོད་རིགས་མི་མང་བརྒྱ་ཆ་དགུ་བཅུ་ཙམ་གྱིས་ཤོག་བྱང་དེ་ལེན་འདོད་བྱེད་ཀྱི་མེད་པ་དང་། མི་འདོད་བཞིན་དུ་ཤོག་བྱང་དེ་ལེན་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། དེ་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་མཁན་ཡང་མི་ཉུང་བ་རེ་སླེབས་བཞིན་ཡོད་འདུག

གཞན་ཡང་གཞུང་རིམ་པའི་ལས་བྱེད་ཚང་མ་ལས་འགུལ་དེའི་ནང་ཞུགས་ནས་འགོ་ཁྲིད་བྱེད་དགོས་ཀྱི་ཡོད་འདུག་ལ། ལས་བྱེད་མཐོན་པོའི་རིགས་ཀྱིས་ཁྱིམ་ཚང་བདུན་ཡན་ཆད་དང་། འབྲིང་རེ་ནས་ཁྱིམ་ཚང་གསུམ་བཞི་ཙམ་རེ། ལས་བྱེད་ཆུང་བ་ཚོས་ཁྱིམ་ཚང་གཅིག་གཉིས་རེ་ལ་སྤུན་མཆེད་བསྒྲིགས་ནས་བདག་པོ་རྒྱག་དགོས་ཀྱི་ཡོད་འདུག ལས་བྱེད་སུ་ཞིག་ལས་འགུལ་དེའི་ཁྲོད་མ་ཞུགས་ན། ལས་བྱེད་དེའི་གོ་གནས་ལེན་གྱི་ཡིན་པའི་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རེད་འདུག ལས་འགུལ་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ་ནས་ཟླ་གཉིས་ཙམ་ཟིན་གྱི་ཡོད་པ་དང་། དེང་སྐབས་མི་ཉག་ཁུལ་དུ་ལས་འགུལ་དེ་སྤེལ་བཞིན་ཡོད་འདུག ལས་འགུལ་དེའི་དམིགས་ཡུལ་ཅི་ཡིན་དེང་སྐབས་བོད་ནང་ནས་དོགས་པ་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་འདུག་ཀྱང་། མང་ཆེ་བས་ལས་འགུལ་དེ་མི་མང་གྱེན་ལངས་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྟངས་འཛིན་བྱེད་ཐབས་ཤིག་ཡིན་པར་ ངོས་འཛིན་བྱེད་བཞིན་འདུག མེ་སོར་གསར་འགོད་པས།

མེ་སོར་གསར་འགོད་པས།

Share this:
༧༨ ཀློག་གྲངས།