སྐྱབས་བཅོལ་ལག་དེབ་མེད་པའི་དཀའ་ངལ་འོག་འཛིན་བཟུང་།

sonam dorjee_sanudལོ་འདིའི་ནང་ཤེས་རྟོགས་བྱུང་བ་དྷ་སར་གནས་སྡོད་བོད་མི་གསུམ་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༢༠ ཉིན་འདི་གའི་གསར་འགོད་པས་དྷ་སའི་ས་གནས་འགོ་འཛིན་བསོད་ནམས་རྡོེ་རྗེ་ལགས་སུ། བོད་མི་དེ་དག་འཛིན་བཟུང་བྱེད་དགོས་དོན་དང་ད་ལྟའི་ཆར་ཁོང་ཚོའི་གནས་སྟངས་གང་ཡིན་སྐོར་ལ་བཅར་འདྲི་བྱས་ཡོད།

དྲི་བ། ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་གྱི་ཉེན་རྟོག་པས་ཚེ་རིང་རྡོ་རྗེ་བཀག་ཉར་བྱེད་དགོས་དོན་གང་ཡིན་དང་ད་ལྟའི་ཆར་ཁོང་གི་གནས་སྟངས་གང་ཡིན་ངོ་སྤྲོད་ཅིག་གནང་རོགས།

ལན། ཟླ་འདིའི་ཕྱི་ཚེས་༡༨ གྱི་དགོང་དྲོར་རྒྱ་གར་གྱི་ཉེན་རྟོག་ལས་ཁུངས་ནས་ང་ལ་ཁ་པར་འབྱོར་ཏེ། ཁྱེད་རང་ཚོ་བོད་ཀྱི་ཕོ་སར་ཞིག་དང་དབྱིན་ཇིའི་མི་ཞིག་གཉིས་བཀག་ཉར་བྱས་ཡོད་ཟེར། དགོང་དྲོའི་ཆུ་ཆོད་༦ པ་མ་ཟིན་ཙམ་ལ་ང་ཕར་བཅར་བ་ཡིན། སྐབས་དེར་ཚེ་རིང་རྡོ་རྗེ་ཟེར་བའི་ཕོ་སར་དེ་བཀག་ཉར་བྱས་འདུག ག་རེ་བྱས་ན་བཟུང་པ་རེད་ཟེར་དུས། དབྱིན་ཇིའི་མི་དེས་ཉི་མ་ཁ་ཤས་ཀྱི་སྔོན་ནས་དྷ་སར་ཡེ་ཤུ་ཆོས་ལུགས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་གོ་སོང་། ཁོ་རང་འདིར་ཡོང་དགོས་དོན་དེ་ཡིན་ས་རེད། དབྱིན་ཇིའི་མི་དེས་ཡེ་ཤུ་ཆོས་ལུགས་ཁྱབ་བསྒྲགས་གཏོང་ཆེད་རྡོ་རྗེ་བེད་སྤྱོད་བཏང་ནས། ཟླ་འདིའི་ཕྱི་ཚེས་༡༨ གྱི་དགོང་དྲོའི་ཆུ་ཚོད་༥ པ་ཙམ་ལ་རྡོ་རྗེས་མི་མང་ཡོད་སར་གཞས་འཁྲབ་པ་དང་། དབྱིན་ཇིའི་མི་དེས་ཡེ་ཤུ་ཆོས་ལུགས་ཁྱབ་བསྒྲགས་དང་འབྲེལ་དངུལ་བསྡུ་ལེན་བྱས་ཡོད་པ་རེད།

གནས་ཚུལ་དེ་ལ་བརྟེན་ནས་རྒྱ་གར་གྱི་ཉེན་རྟོག་པས་ཁོ་རང་གཉིས་ཁྲིད་དེ་བཀག་ཉར་བྱས་ཡོད་འདུག རྩ་བས་རྒྱ་གར་གྱི་ཉེན་རྟོག་པའི་རྩ་ཁྲིམས་ཀྱི་ནང་ཚན་༡༡༤ ནང་ལ་སྤྱི་པའི་ས་ཆ་མི་མང་པོར་འཛོམས་སར། མི་ལ་གནོད་སྐྱེལ་བ་དང་སྐད་རྒྱག་པ་སོགས་བྱུང་བ་ཡིན་ན་འཛིན་ཆོག་གི་རེད་ཅེས་འཁོད་རེད། དེར་བརྟེན། ཁོ་རང་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། རྗེས་ལ་དབྱིན་ཇིའི་མི་དེས་ཁྲིམས་རྩོད་པ་སྐད་བཏང་ནས་ཁོ་རང་གཉིས་ལ་ཧིན་སྒོར་༥༠༠༠ རེས་ཆད་པ་བཅད་དེ་གློད་གྲོལ་བྱས་ཚར་པ་རེད།

དྲི་བ། ཁམས་རྫ་ཆུ་ཁ་ནས་ཡིན་པ་ཆོས་སྣང་ཟེར་བ་ཞིག་དང་ཡང་ཨ་མདོ་ནས་ཡིན་པ་བསོད་ནམས་རྒྱལ་ཟེར་བའི་བོད་མི་གཉིས་ཀྱང་ཉེ་ཆར་འཛིན་བཟུང་བྱས་ཡོད་རེད། ད་ལྟའི་ཆར་ཁོང་གཉིས་གང་དུ་ཡོད་མེད་སྐོར་ངོ་སྤྲོད་ཅིག་གནང་རོགས།

sonam dorjee_sanud

ལན། རྩ་བས་དེ་ཚོ་ཚང་མ་བདེ་སྲུང་ལས་ཁུངས་ཀྱི་འགན་ཆགས་ཀྱི་ཡོད་པ་རེད། ཡིན་ན་ཡང་ང་ཚོ་ས་གནས་འགོ་འཛིན་ལས་ཁུངས་ངོས་ནས་འགན་ཁུར་དགོས་པ་མང་པོ་ཞིག་ཁུར་པ་ཡིན། གང་ཡིན་ཟེར་ན། གནས་ཚུལ་དེ་དག་གནས་སྐོར་གྱི་སྐྱབས་བཅོལ་ལག་དེབ་དང་། དེ་ནང་བཞིན་བོད་མི་མང་པོ་ཞིག་ལ་སྐྱབས་བཅོལ་ལག་དེབ་མེད་པའི་གནས་སྟངས་འོག་ཡོང་གི་ཡོད་རེད། དཔེར་བཞག་ན། ཨ་མདོ་ནས་ཡིན་པ་བསོད་ནམས་རྒྱལ་ཁོ་རང་ཡིན་ན་གནས་སྐོར་གྱི་སྐྱབས་བཅོལ་ལག་དེབ་དང་འབྲེལ་བ་ཆགས་ཡོད་རེད། དྷ་སར་གནས་སྐོར་གྱི་སྐབས་བཅོལ་ལག་དེབ་དུས་འགྱངས་བྱེད་སྐབས་ཁོ་རང་བལ་ཡུལ་ལ་ཡོད་ས་རེད། སྐབས་དེར་ཁོ་རང་ལ་དཀའ་ངལ་ཞིག་འཕྲད་ནས་སྨན་ཁང་ནང་རྒྱུན་རིང་པོར་ལྷག་ཡོད་ས་རེད། འདིར་གནས་སྐོར་གྱི་སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱེད་མཚམས་དེ་ཕྱི་ཟླ་༤ པའི་ནང་ནས་བཞག་པ་རེད། ཁོ་རང་འདིར་ཕྱི་ཟླ་༧ པའི་ནང་ང་ཚོའི་ལས་ཁུངས་ནང་སླེབས་སོང་། སྐབས་དེར་ངས་ཁྱེད་རང་བདེ་སྲུང་ལས་ཁུངས་ལ་བཅར་དགོས་རེད་ཅེས་ལབ་པ་ཡིན། གང་ཡིན་ཟེར་ན། སྐྱབས་བཅོལ་ལག་དེབ་བཟོ་ཕྱོགས་དེ་ཚོ་ཚང་མ་བདེ་སྲུང་ལས་ཁུངས་ཀྱིས་འགན་ཁུར་གྱི་ཡོད་རེད།

སྐབས་དེར་བདེ་སྲུང་ལས་ཁུངས་ཀྱིས་ཁོ་རང་ལ་ཁྱེད་རང་རྗེས་ལུས་ཐེབས་ཚར་བ་རེད། གནས་སྐོར་གྱི་སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱེད་ཀྱི་མ་རེད་ཅེས་ལམ་སྟོན་གནང་འདུག ཡིན་ན་ཡང་ཁོ་རང་ཀ་ཅ་རིར་འབྲེལ་ཡོད་ལས་ཁུངས་ལ་བཅར་ནས་དུས་འགྱངས་བྱེད་རོགས་ཟེར་དུས། འབྲེལ་ཡོད་ལས་བྱེད་ཚོས་དུས་འགྱངས་བྱེད་ཀྱི་མ་རེད། ཁྱེད་རང་སོང་ཞེས་བཤད་དུས་ཁོང་གིས་ཉན་མི་འདུག དེ་ནས་ཡར་དཔོན་པོ་མཐོན་པསར་རྩིས་སྤྲོད་བྱེད་སྐབས་ཁོ་རང་ལ་གནས་སྐོར་གྱི་སྐྱབས་བཅོལ་ལག་དེབ་ཡོད་པ་ཤེས་ནས་ཁོ་རང་བཙོན་ཁང་ནང་བཅུག་པ་རེད། རྩ་བས་ང་ཚོས་འདི་ནས་མ་འགྲོ་ཞེས་བཤད་པར་ཉན་ཡོད་པ་མ་རེད་ལ། ལས་ཁུངས་ལ་བཅར་སྐབས་ཀྱང་སྐད་ཆ་བཤད་སྟངས་ནོར་ནས་གནས་སྟངས་དེ་འདྲ་བྱུང་བ་རེད།

ཆོས་སྣང་ཟེར་བ་ཁོ་རང་གིས་སྐྱབས་བཅོལ་ལག་དེབ་མ་བཟོས་ནས་ལོ་བཅུ་བཅོ་ལྔ་འགྲོ་གི་འདུག ཁོ་རང་གི་འདུག་ས་དེ་ཡང་༧གོང་ས་མཆོག་གི་ཕོ་བྲང་དང་ཐག་ཉེ་སའི་གླིང་སྐོར་གྱི་ལམ་ཁར་ཡོད་རེད། རྒྱ་གར་གསང་བའི་ལས་ཁུངས་ལ་དཀའ་ངལ་མང་པོ་ཞིག་འཕྲད་ནས་དེ་གཏོར་དགོས་ཀྱི་ཡོད་ཅེས་ཐེངས་མང་པོར་ལབ་འདུག དེར་བརྟེན། ང་ཚོ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་ཁོ་རང་ཐེངས་མ་གསུམ་ལ་སྐད་བཏང་ནས། ཁྱེད་རང་ལ་ཉེན་ཁ་འདུག དེར་མ་འདུག་ཅེས་ལབ་དུས་ཉན་ཡོད་པ་མ་རེད། དེ་བཞིན་བདེ་སྲུང་ལས་ཁུངས་ནས་ཀྱང་ཐེངས་མ་གཉིས་ལབ་འདུག འོན་ཀྱང་ཉན་ཡོད་མ་རེད། མཐར་ས་གནས་ཉེན་རྟོག་ལས་ཁུངས་ཀྱི་དཔོན་པོ་མཐོན་པོ་དེ་འདྲས་ཁོ་རང་ལ་སྐྱབས་བཅོལ་ལག་དེབ་ཡོད་མ་རེད་ཅེས་བཏང་སྟེ་འཛིན་བཟུང་བྱས་པ་རེད།

སྐབས་དེར་ང་ཉེན་རྟོག་ལས་ཁུངས་ལ་བཅར་ཏེ་ཁོ་རང་གི་སེམས་པ་བདེ་པོ་ཡོད་མ་རེད། ཁོང་འཛིན་བཟུང་བྱས་ན་ཕན་ཐོགས་ཡོད་མ་རེད་ཅེས་ལབ་དུས། ཉེན་རྟོག་པས་ད་རེས་ང་ཚོ་ལ་ཐབས་ཤེས་མེད་དཔོན་པོ་མཐོན་པོའི་བཀའ་རེད་ཟེར་གྱི་འདུག ནམ་རྒྱུན་ཡིན་ན་ཐབས་ཤེས་བྱེད་ནས་གློད་གྲོལ་བྱེད་ཐུབ་ཀྱི་རེད། ད་རེས་ཐབས་ཤེས་ཡོད་མ་རེད་ཟེར། སྐབས་དེར་ཁོ་རང་ཚོས་ཆོས་སྣང་ལ་སྐད་ཆ་འདྲི་དུས་ལན་ཏག་ཏག་བརྒྱབ་ཡོད་པར་བརྟེན། ཁོ་རང་གི་སེམས་པ་བདེ་པོ་འདུག་ཟེར། ཆོས་སྣང་གིས་ང་བཙོན་ཁང་ལ་འགྲོ་ཡི་ཡིན། བཙོན་ཁང་ནང་ཁ་ལག་ཟ་རྒྱུ་རག་གི་རེད་ཅེས་བརྗོད་སོང་། དེ་ནས་ཁོ་རང་བཙོན་ཁང་ནང་དུ་ཁྲིད་ནས་ཉིན་༤༠ རིང་བཞག་པ་རེད། ཟླ་འདིའི་ཕྱི་ཚེས་༦ ཉིན་ཆོས་སྣང་དང་བསོད་ནམས་རྒྱལ་གཉིས་ས་མཚམས་བརྒལ་ཏེ་སྤི་ཏི་ནས་མར་བཏང་ཡོད་འདུག

དྲང་པོར་བཤད་ན་གནད་དོན་འདི་ཚོའི་ཐོག་ས་གནས་བདེ་དོན་གྱིས་བྱེད་ཐུབ་པ་ཡོད་མ་རེད། གཞུང་གཉིས་ཀྱི་དབར་སྐད་ཆ་བཤད་དགོས་ཀྱི་ཡོད་རེད། སྔོན་མར་འདི་ནས་འཛིན་བཟུང་བྱས་རྗེས་ཕར་སྤྲད་ནས་རྒྱ་མིས་བསད་ཡོད་པའི་སྐད་ཆ་དེ་འདྲ་གོ་རྒྱུ་འདུག དེ་ཚོ་དངོས་གནས་ཡིན་ན། བོད་ནང་གི་བོད་མི་ཚོས་བཙན་བྱོལ་ནང་གི་བོད་མི་ཚོར་ཡིད་ཆེས་བརླགས་སྲིད་པ་རེད། དེར་བརྟེན། ངས་ནང་སྲིད་བཀའ་བློན་མཉམ་དུ་སྐད་ཆ་བཤད་ནས། བདེ་སྲུང་བཀའ་བློན་དང་དྲུང་ཆེས་འགན་ཁུར་ཏེ་རྒྱ་གར་གཞུང་དང་མཉམ་དུ་སྐད་ཆ་བཤད་དགོས་པ་གལ་ཆེན་པོ་རེད་ཅེས་ཞུས་ཡོད།།

Share this:
༡༡༠ ཀློག་གྲངས།