༡༩༦༢ ལོའི་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་ལ་ངོ་རྒོལ།

ཟླ་འདིའི་ཚེས་༢༠ ཉིན་ལ། རྒྱ་གར་བྱང་ཤར་གྱི་ས་གནས་ཀ་ལོན་སྦུག་ཏུ།  འཕགས་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག  བོད་རིགས་བརྒྱ་ཕྲག་ཁ་ཤས་ཀ་ལོན་སྦུག་ཌམ་བྷར་ཅོག་ལམ་མདོར་འདུ་འཛོམས་བྱས་ཏེ།   ༡༩༦༢ ལོའི་ཟླ་༡༠ ཚེས་༢༠ ནས་ཟླ་༡༡ ཚེས་༢༡ བར་དུ་རྒྱ་དཀར་ནག་གཉིས་ཀྱི་བར་ལ་དམག་འཁྲུག་བྱུང་ནས།

  ལོ་ངོ་ལྔ་བཅུ་འཁོར་བར་དྲན་གསོ་དང་།   དམག་འཁྲུག་གི་ཁྲོད་དུ་འདས་གྲོངས་སུ་ཕྱིན་པ་དམག་མི་རྣམས་ལ་རྗེས་དྲན་དང་གུས་འདུད་ཞུས་པ་དང་།  རྒྱ་ནག་གིས་བོད་དང་རྒྱ་གར་གཉིས་ལ་བཙན་འཛུལ་བྱས་པའི་བྱ་སྤྱོད་ལ་ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། ཀ་སྦུག་ཐར་བ་ཆོས་གླིང་དགོན་པའི་བར་དུ་གོམ་བགྲོད་བྱས་པ་རེད།

sdc11752དགོན་པ་དེར་ཀ་སྦུག་བོད་རིགས་མང་ཚོགས་དང་ས་གནས་གྱི་དཔོན་རིགས་ཁ་ཤས་མཉམ་མཛོམས་ཀྱིས་ཚོགས་འདུ་རྒྱས་པ་ཞིག་ཚོགས་ཡོད་པ་རེད།   ད་ཐེངས་ཀྱི་གོམ་བགྲོད་ལས་འགུལ་འདིའི་ནང་དུ།    ཀ་སྦུག་གཞོན་ནུ་ཚོགས་པ་དང།   བུད་མེད་ཚོགས་པ།     ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་རྣམ་པ།    ཐར་བ་ཆོས་གླིང་དགོན་པ་གཙོ་བྱས་པའི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ།      ཀ་སྦུག་གཏན་སློབ་ཀྱི་སློབ་ཕྲུག་རྣམ་པ།    ས་གནས་བོད་རིགས་མང་ཚོགས་བཅས་མཉམ་ཞུགས་བྱས་ཡོད་པ་མ་ཟད།     འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་P.T. Bhutia དང་།     ས་གནས་ཀྱི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་Samuel Gurung དང་ཚོགས་མི་བཅས་ཕེབས་ནས་གཏམ་བཤད་གནང་ཡོད་པ་རེད།

འགོ་ཁྲིད་ཚོའི་གཏམ་བཤད་ཀྱི་ནང་དུ།     དེ་རིང་ཉིན་མོ་འདི་ནི་རྒྱ་གར་གཞུང་དམངས་གཉིས་ལ་མཚོན་ན་ཉི་མ་ནག་པོ་ཞིག་ཡིན་པ་དང་།    དེ་ནི་རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་བྱས་ནས་ལོ་༥༠ འཁོར་བ་དང་བོད་རྒྱལ་ཁབ་བཙན་བཟུང་བྱས་ནས་༥༣ འཁོར་བ་ཞིག་ཡིན་པས།    རྒྱ་གར་མི་མང་དང་བོད་མི་མང་གཉིས་ཀྱིས་དེ་རིང་ངོ་རྒོལ་ཀྱི་རྣམ་པ་ཞིག་མཚོན་པར་བྱེད་ཀྱི་ཡོད།   རྒྱ་ནག་གིས་བོད་དང་རྒྱ་གར་གཉིས་ལ་བཙན་འཛུལ་བྱས་པ་ལ་བརྟེན་ནས།   རྒྱ་གར་གཞུང་གིས་ད་ལྟའི་བར་རྒྱ་ནག་ནི་རང་གི་དགྲ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།    རྒྱ་ནག་གིས་བོད་བཙན་འཛུལ་མ་བྱས་པའི་གོང་དུ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ལ་རྩོད་རྙོག་གི་གནས་ཚུལ་གང་ཡང་མེད་པ་མ་ཟད།    བོད་རྒྱ་མི་རིགས་གཉིས་མཛའ་འབྲེལ་གྱི་ངང་ནས་རང་དབང་གིས་ས་མཚམས་ཁག་ཏུ་འགྲོ་སྐྱོད་ཆོག་པ་ཞིག་ཡིན་པ་རེད། ཕྱི་ལོ་༡༩༦༢ ལོར་རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་བྱས་པ་ནས་རྒྱ་གར་གཞུང་གིས་ས་མཚམས་ཁག་སྲུང་སྐྱོབ་བྱེད་པའི་ཆེད་དུ་དམག་མི་འགྲེམས་འཇོག་བྱས་ནས་ལོ་རེར་འགྲོ་སོང་ཧིན་སྒོར་ས་ཡ་མང་བོ་གཏོང་གི་ཡོད་པ་རེད།     དེར་བརྟེན།    བོད་རྒྱ་མི་རིགས་གཉིས་མཉམ་འབྲེལ་གྱི་སྒོ་ནས་ཧུར་བརྩོན་བྱས་ཏེ་བོད་རྒྱལ་ཁབ་རང་བཙན་ཐོབ་ཏུ་བཅུག་ན་རྒྱ་གར་ལའང་ཕན་ཐོགས་ཆེན་པོ་ཡོད་པ་རེད།     ད་ལྟའི་ཆར་ཡང་།    རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་དང་།   ཐེ་ཝན།   ཧྥེ་ལི་ཕིན།    རྒྱ་གར་སོགས་ལ་བཙན་འཛུལ་བྱ་རྩིས་ཡོད་པས།     རྒྱལ་སྤྱིའི་ཁྲོད་དུ་རྒྱ་ནག་ལ་དོགས་ཟོན་བྱེད་ཀྱི་ཡོད།     ལོ་སྔོན་མ་ནས་བཟུང་བོད་ནང་དུ་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་གཏོང་མཁན་ལྔ་བཅུ་ལྷག་བྱུང་ཡོད་པ་རེད།    གནས་ཚུལ་འདི་དག་བོད་རིགས་ཚོགས་པ་དང་རྒྱ་གར་ས་གནས་ཡུལ་མི་ཚོགས་པ་གཉིས་མཉམ་འབྲེལ་བྱས་ནས་རྒྱ་གར་གཞུང་ལ་སྙན་ཞུ་ཕུལ་ཏེ།     བོད་ནང་དུ་དཀའ་སྡུག་མྱོང་བཞིན་པའི་བོད་རོགས་མང་ཚོགས་རྣམས་ལ་རྒྱབ་སྐྱོར་བྱེད་པར་འབོད་སྐུལ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

གནས་ཚུལ་མཁོ་གཏོང་བ་ཀ་ལོན་སྦུག་ནས་རྨ་མགུར་སངས་རྒྱམ་གྱིས་ཕུལ།

Share this:
༡༠༢ ཀློག་གྲངས།