བོད་ཁྱིམ་སློབ་གྲྭ་ནང་ཁུལ་གྱི་རྩེད་འགྲན་ཐེངས་ལྔ་པ།

tcv_24_october_1

ཕྱི་ཚེས་༢༤ ཉིན་དྷ་སྟེང་བོད་ཁྱིམ་དུ་སློབ་གྲྭ་ཁག་བརྒྱད་ཀྱི་ནང་ཁུལ་རྩེད་འགྲན་ཐེངས་ལྔ་པ་དེ་བྱས་མཐར། རྩེད་འགྲན་གྱི་རྒྱལ་ཁ་ཨང་དང་པོ་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་། ཨང་གཉིས་པ་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ ཨང་གསུམ་པ་ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭར་ཐོབ་ཡོད་པ་རེད།

tcv_24_octoberདེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་སྟེ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་༥༢ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཉིན་གཉིས་པའི་སྟེང་། ཐེངས་འདིའི་མཛད་སྒོའི་སྟེང་འཛོམས་པའི་བོད་ཁྱིམ་སློབ་གྲྭ་ཁག་བརྒྱད་དེ། དྷ་སྟེང་བོད་ཁྱིམ་དང། དྷ་ཤོད་བོད་ཁྱིམ། སུ་ཇཱ་བོད་ཁྱིམ། གྷོ་པལ་པུར་བོད་ཁྱིམ། ལ་དྭགས་བོད་ཁྱིམ། སྦེལ་ཀོབ་བོད་ཁྱིམ། ཅོན་ཏཱ་ར་བོད་ཁྱིམ། སེ་ལ་ཀུ་ཡི་བོད་ཁྱིམ་བཅས་ཀྱི་བར་ཉིན་གཅིག་གི་རིང་རྒྱུག་འགྲན་གཙོས་རྩེད་རིགས་འདྲ་མིན་ཐོག་འགྲན་སྡུར་བྱས་མཐར། དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཁྱོན་བསྡོམས་ཀྱི་བརྒྱ་ཆ་༡༩༠ ཐོབ་སྟེ་ཨང་དང་པོ་དང་། གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ་ཨང་གཉིས་པ། ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭ་ཨང་གསུམ་པ་ཆགས་ཡོད་པ་ལྟར། ཐེངས་འདིའི་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གཟེངས་རྟགས་ཕུལ་གནང་སོང།

tcv_24_october_1རྩེད་འགྲན་གྱི་རྒྱལ་ཁ་ཐོབ་པ་དེ་དང་འབྲེལ་དྷ་སྟེང་བོད་ཁྱིམ་སློབ་གྲྭ་འབྲིང་བའི་ལུས་རྩལ་དགེ་རྒན་བློ་བཟང་ནོར་བུ་ལགས་སུ་གསར་འགོད་པས་བཅར་འདྲི་བྱས་པར།  ཁོང་གིས། ང་ཚོ་དགེ་ལས་ཡོངས་ནས་ཟླ་བ་གཉིས་ལྷག་གི་རིང་རྩེད་འགྲན་པའི་སློབ་ཕྲུག་དག་ལ་སྦྱོང་བརྡར་སྤྲད་པ་རེད། ད་ཐེངས་ཀྱི་བོད་ཁྱིམ་ནང་ཁུལ་གྱི་རྒྱལ་ཁ་དེ་ང་ཚོའི་སློབ་གྲྭར་ཐོབ་པ་དེ་དགེ་ལས་སློབ་ཕྲུག་ཚང་མར་སྤོབས་པ་སྐྱེས་འོས་པ་ཞིག་མཐོང་གི་འདུག དེ་ཙམ་དུ་མ་ཟད་སྤྱི་ཡོངས་ནས་བཤད་ན། ད་ཐེངས་ཀྱི་རྩེད་འགྲན་འདིའི་ནང་རྩེད་རིགས་ཁག་ཁ་ཤས་ཀྱི་ནང་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་དེ་འདྲ་ཡང་ཐོན་ཡོད་པ་རེད། དེར་བརྟེན་རྩེད་འགྲན་འདིའི་ནང་ཡར་རྒྱས་ཀྱི་རྣམ་པ་གསལ་པོ་ཐོན་སོང་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང།

སློབ་གྲྭའི་ནང་ཁུལ་གྱི་རྩེད་འགྲན་དེ་ཐོག་མར་༡༩༩༣ ལོ་ནས་འགོ་ཚུགས་ཡོད་པ་དང་ད་ཐེངས་ཀྱི་རྩེད་འགྲན་དེ་ཐེངས་ལྔ་པ་དེ་ཆགས་ཡོད་པ་རེད།

Share this:
༧༥ ཀློག་གྲངས།