ཧོའུ་ཡིས་ཀན་ལྷོའི་འགོ་གཙོ་ལ་རྒྱ་སྒོར་ཁྲི་༢༠ བྱ་དགའ་སྤྲད་འདུག

ནམ་མཁའ།

ཧོའུ་ཅིན་ཐའོ་ཡིས་ལག་ཏུ་མེ་མདའ་བཟུང་སྟེ། ལོ་ངོ་བཅུ་ཡི་རིང་མི་རིགས་འཆམ་མཐུན་གྱི་ཁྱབ་བསྒྲགས་བྱས་ཡོད། མི་རིགས་འཆམ་མཐུན་བྱེད་འདོད་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མི་རིགས་ལྔ་བཅུ་ང་གཉིས་ལ་ཡོད། དེའི་རྒྱུ་མཚན་ནི་མི་ཞིག་ཡིན་པའི་ཆ་ནས་འགྲིག་མཐུན་དང་ཞི་བདེ་ལ་མི་དགའ་བ་དཀོན་པོ་ཡིན་པའི་རྟགས་རེད།

ཡིན་ཡང་འཆམ་མཐུན་བྱེད་པ་ལ་མི་རིགས་ཕན་ཚུན་དང་འགོ་ཁྲིད་ནང་ཁུལ་ཕན་ཚུན་ལ་ཡིད་ཆེས་ཡོད་དགོས་བ་འདི་རྩ་བ་རེད། འགོ་ཁྲིད་ནང་ཁུལ་ཡང་ཡིད་ཆེས་མེད་ཚེ་མི་མང་གིས་ཡིད་ཆེས་བྱེད་ས་དང་འཆམ་མཐུན་ཡོང་སའི་རྩ་བ་མེད་པར་གྱུར་ཡོད།  ཡིན་ཡང་ལག་ཏུ་མེ་མདའ་བཟུང་སྟེ་མི་རིགས་འཆམ་མཐུན་ཞིག་འཛམ་གླིང་སྟེང་ཡོངས་ཐབས་མེད་པ་ཞིག་ཡིན་པ་སྨྱོན་པ་ཞིག་མིན་ཚེ་ཚང་མས་ཤེས་གསལ་རེད།

ངས་ད་ལྟ་རང་བོད་ཀྱི་དུས་བབ་ཐོག་ངྷ་སར་གནས་བཞུགས་བུད་མེད་རྩོམ་པ་པོ་གཟུངས་ཕྱུགས་སྐྱིད་ཀྱིས་མཁོ་སྤྲོད་གནང་བའི་ཀན་ལྷོའི་ཉེན་རྟོག་ལས་ཁུངས་ཀྱི་བརྡ་སྦྱོར་ཞིག་མཐོང་སོང་། བརྡ་སྦྱོར་འདི་ལྟ་བུ་ནི་གུང་ཁྲན་ཏང་གི་མི་མང་ལ་མགོ་བོ་སྐོར་བྱེད་དང་།  བོད་མི་ནང་ཁུལ་དཀྲུག་ཤིང་བྱེད་པའི་ཐབས་ཤེས་ཞིག་ཡིན། དེང་སང་བོད་ནང་དུ་ཡང་མི་མང་བརྒྱ་ཆ་དགུ་བཅུས་གཡོ་ཐབས་འདི་ཤེས་སྲིད།

འདི་འདྲ་བའི་གཡོ་ཐབས་ནི་གསར་པ་ཞིག་མ་ཡིན་པར་མའོ་ཙེ་ཏུང་གི་སྐབས་ནས་དར་བའི་རྒྱ་ནག་གི་འགོ་ཁྲིད་ཚོས་ཆབ་སྲིད་ཀྱི་ལམ་སྲོལ་ལྟ་བུ་ཞིག་ཡིན་པ་ཚང་མས་ཤེས་དགོས་པ་ཞིག་རེད། རྒྱ་ནག་ནང་ཁུལ་ནས་རྙོག་འཛིང་བྱུང་དུས་དེ་ལ་འགོ་ཁྲིད་ཞིག་ཡོད་པའི་དོག་པ་དང་འབྲེལ། མི་ཞིག་བཙལ་ནས་དེའི་སྟེང་ནག་ཉེས་ཆ་ཚང་འཇོག་གི་ཡོད།

ཁོང་ཚོས་བསམ་བློ་ལ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་འདི་བཙན་བྱོལ་གཞུང་གི་ངན་སྐུལ་ཞིག་ཏུ་ངོས་འཛིན་བྱེད་པ་མ་ཟད། འཛམ་གླིང་སྟེང་འདི་ལྟར་བསྒྲགས་བཞིན་ཡོད། འདི་ལྟར་ཁྱབ་བསྒྲགས་དང་བརྡ་སྦྱོར་སོགས་བཀྲམ་པའི་རྒྱུ་མཚན་ནི། གུང་ཁྲན་ཏང་གི་སྲིད་ཇུས་ལ་ནོར་འཁྲུལ་ཡོད་པར་ཁས་མི་ལེན་པ་མ་ཟད། འགོ་ཁྲིད་དབང་ཤེད་ཅན་དེས་ཁོའི་ནོར་འཁྲུལ་དེ་འགེལ་སའི་མི་ཞིག་ཐབས་བརྒྱ་ཇུས་སྟོང་གིས་བཙལ་ནས་དེའི་སྟེང་འཇོག་པ་དང་ནོར་འཁྲུལ་ཆ་ཚང་ཁོས་བཟོས་ཚུལ་མི་མང་ཡོངས་ལ་བསྒྲགས་བཞིན་ཡོད།

དེ་མིན་ཁོ་རང་ལ་ནག་ཉེས་ཞིག་ཡོད་པར་མི་མང་གིས་ཤེས་ཚེ་གུང་ཁྲན་གི་སྲིད་ཇུས་ལ་ནོར་འཁྲུལ་བྱུང་བར་ངོས་འཛིན་བྱེད་དགོས་པས། གུང་ཁྲན་ཏང་ཐོག་མཐའ་བར་གསུམ་དུ་ཡང་དག་པ་ཡིན་ཚུལ་བཤད་སྲོལ་རྒྱུན་འབྱམས་སུ་སོང་ཡོད་སྟབས་ལམ་དེ་ལས་བརྒལ་ཐུབ་མེད།

འདིར་ངས་ཀན་ལྷོའི་འགོ་གཙོ་སོགས་ལ་དྲི་བ་ཞིག་ཡོད་པ་ནི། ༢༠༠༡༡ ལོའི་དབྱར་ཁ་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་ཡི་མདུན་ཐང་ནས་རྒྱ་རིགས་ཞིག་གིས་རང་ལུས་མེར་སྲེག་བཏང་བ་དང་། དེ་མིན་རྒྱ་ནང་གི་གྲོང་ཁྱེར་ཁ་ཤས་ནང་འགད་རྫས་འགས་གཏོར་ཁ་ཤས་བྱུང་བ་རྣམས་ཧོའུ་ཅིན་ཐའོ་ཡིས་ངན་སྐུལ་བྱས་བ་ཞིག་ཡིན་ནམ། ཧོའུ་ཅིན་ཐའོ་ཡིས་ཡང་དག་པའི་སྲིད་ཇུས་ཀྱི་འབྲས་བུ་ཞིག་རེད།

དེང་ཁྱེད་ཅག་གིས་ལག་པ་འཕྱི་ས་ཞིག་དང་སྐྱོན་ཆ་ཚང་འགེལ་ས་པའོ་ཞི་ལེ་བཙོན་ཁང་དུ་ཡོད་པས་སྐྱོན་ཆ་ཚང་ཁོའི་ཐོག་ཞོག་དང་། ཁྱེད་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོས་ལུགས་སྲོལ་བཟང་པོ་དེ་རེད། ང་ཚོས་བཙན་བྱོལ་གཞུང་གིས་ནམ་ཡང་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་རོགས་ཞེས་སུ་ཞིག་གིས་ཀྱང་བརྗོད་མི་ཐུབ་ལ་བརྗོད་པའི་སྤོབས་པ་ཡང་མེད།

རང་ལུས་མེར་སྲེག་གི་ལས་འགུལ་འདིའི་འགོ་ཁུངས་ཆ་ཚང་ཧོའུ་ཅིན་ཐའོ་དང་དེའི་རྗེས་འཇུག་པ་ཀན་ལྷོའི་འགོ་གཙོ་ཁྱེད་ལྟ་བུ་དག་ཡིན་ལ། ཁྱེད་ཚོས་སྲིད་ཇུས་ལག་བསྟར་གྱི་འབྲས་བུ་རེད། འདི་ནི་མི་གཞན་སུ་གཅིག་གི་ཐོག་འཇོག་མི་ཐུབ་ལ་སུས་ཀྱང་ཁས་མི་ལེན།

ད་རུང་ཁྱེད་ཅག་གིས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་དྲག་དམག་གི་འཇིག་རྟེན་ཞིག་ཏུ་བཟོས་ཏེ། ཧོའུ་ཅིན་ཐའོ་ཡིས་མི་རིགས་འཆམ་མཐུན་གྱི་སྲིད་ཇུས་ཞིག་ཇི་ལྟར་ལག་ལེན་དུ་བསྟར་རྒྱུ་ཡིན་ནམ།  དཔེར་ན་མི་བཙན་པོ་ཞིག་གིས་ལག་ཏུ་མེ་མདའ་དང་དབྱུག་པས་གཉོམ་ཆུང་ཞིག་ལ་གཅར་རྡུང་བྱེད་ཞོར་ངེད་གཉིས་གྲོགས་པོ་བཟོ་དགོས་ཟེར་བ་དང་གཅིག་མཚུངས་རེད། འདི་ནི་ཚ་གྲང་ལྟ་བུའི་དངོས་འགལ་གྱི་གཏམ་ཁོ་ནས་ལས་དེ་ལ་གཞན་ཞིག་གིས་བཟང་ཕྱོགས་སུ་ནམ་ཡང་འགྲོ་ཐུབ་མེད་པ་རེད།

༢༤/༡༠/༢༠༡༢ལ་ཡོ་རུབ་ནས་བྲིས།

Share this:
༦༨ ཀློག་གྲངས།