བླ་བྲང་བསང་ཁོག་ཏུ་རང་ལུས་མེར་སྲེག་གི་ངོ་རྒོལ།

ཟླ་འདིའི་ཚེས་༢༦ ཉིན་གྱི་དགོང་དྲོ་བླ་བྲང་བསང་ཁོག་ཡུལ་ཚོའི་སྲིད་གཞུང་གི་ཉེ་འཁྲིས་སུ་ བོད་མི་ཚེ་དཔག་སྐྱབས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་སྤེལ་འདུག

ཁོང་གིས་མེར་སྲེག་སྐབས། “ ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་དུ་འཇུག་དགོས། པཎ་ཆེན་ཆུང་སྲིད་རིན་པོ་མཆོག་གི་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས ” ཞེས་འབོད་ཚིག་བསྒྲགས་ཡོད་འདུག

སྐབས་དེར་ས་གནས་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་རྒྱ་དམག་ལ་ཁྱེར་མ་བཅུག་པར་བསང་ཁོག་གསེར་ཁྲིའི་རུ་ཁག་བཞི་བའི་དཔའ་བོ་ཁོང་གི་རང་ཁྱིམ་དུ་གདན་འདྲེན་བྱས་ཐུབ་ཡོད་པ་མ་ཟད།   མི་མང་མང་པོ་འདུ་འཛོམས་ཀྱིས་ཁོང་གི་སྐུ་ཕུང་བསྲུང་ཡོད་པ་དང་། ད་ལྟའི་ཆར་ས་གནས་དེར་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་མང་བོ་འབྱོར་ནས་མི་མང་ལ་འཇིགས་སྐུལ་དང་དམ་དྲག་བྱེད་བཞིན་ཡོད་འདུག

ཚེ་དཔག་སྐྱབས་ནི། བླ་བྲང་བསང་ཁོག་རུ་མང་རུ་ཁག་གཉིས་པ་ནས་ཡིན་པ་དང་། ད་ལོར་རང་ལོ་༢༡ ་ཡིན་འདུག  ཁོང་གི་ཨ་མའི་མིང་ལ་ཀླུ་མོ་བྱམས་དང་། ཁོ་མོར་བུ་གཉིས་ཡོད་པའི་ནང་ཆེ་བའི་མིང་ལ་བཀྲ་ཤིས་དོན་འགྲུབ་དང་ཆུང་བ་ཚེ་དཔག་སྐྱབས་ཡིན་འདུག

ཟླ་འདིའི་ཚེས༢༦ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་༢།༣༠ ཡས་མས་ཙམ་དུ་མདོ་སྨད་བསང་ཆུ་རྫོང་། ཨ་མཆོག་ཡུལ་ཚོའི་དམག་ཁང་དང་ཁྲིམས་ཁང་གི་མདུན་ཐད་ནས། བོད་མི་ལྷ་མོ་ཚེ་བརྟན་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ སྐུ་གྲོངས་ཡོད་འདུག

http://www.tibetexpress.net/home/2010-02-04-05-35-27/9504-2012-10-26-09-07-07?lang=bo

Share this:
༥༡ ཀློག་གྲངས།