སེམས་ལ་ཞི་བདེ་ཡོད་ན་ཚེ་རིང་བ་དང་ནད་མེད་པ་ཡོང་གི་རེད།

songchoe_20_10_2012དེ་རིང་ཞོགས་པར་༧གོང་ས་མཆོག་གིས་ཀོ་རི་ཡའི་ཆོས་ཞུ་བ་མི་གྲངས་༢༥༠ གཙོས་རྒྱལ་ཁབ་ཁག་༦༢ ནས་བཅར་བའི། དད་ལྡན་ཆོས་ཞུ་བ་ཚོར་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་བརྩམས་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་ཉིན་གསུམ་གྱི་རིང་གནང་འགོ་བརྩམས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་སྤྱན་རྒྱ་སྤོས་སྣེས་མདུན་བསུས་ཏེ། བཞུགས་ཁྲིར་ཞབས་སོར་འཁོད་མཚམས། ཀོ་རི་ཡའི་ཆོས་ཞུ་བ་ཚོས་ཀོ་རི་ཡའི་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་འུར་འདོན་གནང་སོང་།

songchoe_20_10_2012དེ་ནས་༧གོང་ས་མཆོག་གིས་དད་ལྡན་མང་ཚོགས་ལ་གསུང་བཤད་གནང་དོན། “ང་རང་ཚོ་ཚང་མས་དུས་རབས་༢༡ པ་འདིིའི་ནང་མི་ཚེ་སྐྱེལ་དགོས་ཀྱི་ཡོད་རེད། ངས་ནམ་རྒྱུན་ལོ་ཉི་ཤུ་སུམ་ཅུ་མན་ཆད་ལ་དུས་རབས་༢༡ པའི་མི་རབས་དང་། ལོ་དྲུག་བཅུ་བདུན་ཅུ་ཡིན་མཁན་དེ་ཚོ་དུས་རབས་༢༠ པའི་མི་རབས་རེད་ཟེར་གྱི་ཡོད། དུས་རབས་༢༡ པའི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་མ་གཏོགས་ཕྱིན་ཡོད་མ་རེད། དུས་ཚོད་མང་ཆེ་བ་ད་དུང་གཞི་ནས་འགྲོ་རྒྱུ་རེད། དེར་བརྟེན། འཛམ་གླིང་སྤྱིའི་ཆ་ནས་བཤད་ན་ཡང་། དུས་རབས་གསར་པ་དེ་དུས་རབས་རྙིང་པ་དང་མི་འདྲ་བར་ཞི་བདེ་ཡོད་པ་ཞིག་དགོས་ཀྱི་ཡོད་རེད། ཞི་བདེ་ཟེར་བ་དེ་ནང་སེམས་ཀྱི་ཞི་བདེ་བསྐྱེད་ནས་ཡོང་དགོས་ཀྱི་ཡོད་པ་རེད། དེར་བརྟེན། ཞི་ཟེར་ནས་ཕྱི་ལོག་ནས་འབད་བརྩོན་བྱས་བསྡད་པ་འདྲ་བོ་དང་། ཡིག་ཆ་བཞག་བསྡད་པ་འདྲ་བོས་ཕན་གྱི་ཡོད་མ་རེད། ཞི་བདེ་ངོ་མ་ཞིག་བསྐྲུན་དགོས་ཀྱི་ཡོད་ན་ནང་སེམས་ཀྱི་ཞི་བདེ་བསྐྲུན་དགོས་ཀྱི་ཡོད་རེད”ཅེས་གསུངས་སོང་།

songchoe1_20_10_2012ཡང་ཁོང་གིས་“དེ་རིང་ཁ་སང་ཚན་རིག་པ་ཚོ་ཡིན་ན་ཡང་ནང་སེམས་ཀྱི་རྣམ་པར་ཤེས་པ་ཟེར་བ་དེ་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག་ག ཅི་ཙམ་གྱིས་རྣམ་རྟོག་འཁྲུག་པ་ཡིན་ན་དེའི་ཚོད་ཀྱིས་ལུས་པོའི་འཕྲོད་བསྟེན་ལ་གནོད་པ་ཡོང་གི་ཡོད་པ་དང་། སེམས་ནང་ལ་རྣམ་རྟོག་གི་འཛིང་པ་མེད་ནས་སེམས་ཞི་བདེ་བག་ཕེབ་ངང་གནས་ཡོད་ན་ལུས་པོའི་འབྱུང་བ་དེ་ཚོ་ཡང་སྙོམས་པར་གནས་ཀྱི་ཡོད་རེད། རྒན་པོ་རྒན་མོ་ལོ་ཆེན་པོ་དེ་ཚོས་སེམས་ལ་དངངས་སྐྲག་ཡོད་ན་ཚེ་ཐུང་བ་དང་། སེམས་ལ་ཞི་བདེ་ཡོད་མཁན་ཚོ་ཚེ་རིང་བ་ཡོད་པ་བཤད་ཀྱི་ཡོད་རེད།  དེར་བརྟེན། དེ་སང་གཞི་ནས་ཕྱིའི་དངོས་པོ་གཅིག་པུ་མ་ཡིན་པར་ནང་རྣམ་པར་ཤེས་པའི་ཐོག་ལ་དོ་སྣང་གསར་པ་ཞིག་ཡོང་གི་ཡོད་རེད། སེམས་ཀྱི་ཞི་བདེ་དེ་སེམས་ཀྱི་ཡོན་ཏན་ཞིག་ཆགས་ཡོད་རེད། སེམས་ཀྱི་ནང་གི་ཞེ་སྡང་དང་ཕྲག་དོག་དེ་ཚོས་སེམས་དཀྲིག་གི་ཡོད་རེད། སེམས་ཀྱི་ཞི་བདེ་བཟོ་དུས་སེམས་ཀྱི་ཞི་བདེ་དཀྲིག་མཁན་གྱི་རྣམ་རྟོག་དེ་ཚོེར་སྐྱོན་བལྟས་ཏེ། དེ་དག་ཉུང་དུ་གཏོང་ཐབས་དང་དེ་དང་འཛིན་སྟངས་འགལ་བ་ཡིན་པའི་བྱམས་པ་དང་བརྩེ་བ་དེ་ཚོ་ཡར་རྒྱས་གཏོང་དགོས་ཀྱི་ཡོད་རེད། སེམས་ཀྱི་ཞི་བདེ་བསྐྲུན་ཟེར་བ་དེ་སྐྱེ་བ་ཕྱི་མའི་སྐད་ཆ་མ་རེད། ཁ་ཡོད་ལག་ཡོད་ཀྱི་ད་ལྟའི་གནས་སྟངས་འདིར་ཞི་བདེ་དགོས་པ་གཞི་ནས་མང་པོ་ཞིག་གིས་ཤེས་ཀྱི་ཡོད་རེད། དུས་རབས་༢༡ པ་འདི་ཞི་བདེའི་དུས་རབས་ཤིག་བཟོ་དགོས་པ་དེ་ཁྱེད་རང་ཚོ་མི་རབས་གཞོན་པ་ཚོས་འགན་རེད་མ་གཏོགས་ང་ཚོས་འགན་མ་རེད། ངའི་མི་རབས་དེ་དུས་རབས་༢༠ པའི་མི་རབས་རེད། ད་ང་ཚོས་བདེ་མོ་བཞུགས་ཞེས་པའི་མཚམས་སུ་སླེོབས་ཡོད་རེད། དེར་བརྟེན། ཁྱེད་རང་ཚོ་དུས་རབས་༢༡ པའི་ནང་མི་ཚེ་མང་བ་སྐྱེལ་མཁན་ཚོར་འགན་ཞིག་ཡོད་རེད་”ཅེས་གསུངས་སོང་།

མཐར་ཁོང་གིས་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་དགོས་སྐོར་དང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་སྒྲོམ་གཞི་གཙོ་བོ་དེ་བདེན་པ་བཞི་ཡིན་སྐོར། དེ་བཞིན་སངས་རྒྱས་པའི་ཆོས་རྣམ་དག་ཅིག་བྱེད་པར་ཆགས་སྡང་གི་གཞན་དབང་དུ་འགྲོ་མི་ཉན་སྐོར་སོགས་གསུངས་སོང་།།

Share this:
༢༧༦ ཀློག་གྲངས།