འཕྲིན་ཕྲན་དང་གནས་ཚུལ་མཁོ་སྤྲོད། ད་དུང་བདེ་འཇགས།

བསྟན་འཛིན་སྒྲོལ་མ། 

བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁག་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་བཞིན་པའི་དུས་སྐབས་འདིར།  དྲ་རྒྱའི་མཐུན་རྐྱེན་ནི་གནས་ཚུལ་དེ་དག་བོད་ཕྱི་ལོགས་སུ་ཁྱབ་སྤེལ་གཏོང་བྱེད་ཀྱི་བརྒྱུད་ལམ་གལ་ཆེ་ཤོས་དང་།  རྒྱ་ནག་གཞུང་གི་དྲ་རྒྱའི་ལྕགས་རིའི་རྒྱབ་ལོགས་སུ་སྦས་པའི་གསང་བ་ཁག་གི་རྐུབ་བརྡོལ་བྱེད་ཀྱི་ལག་ཆ་ཡག་ཤོས་དེ་ཆགས་ཡོད།

  ལྷག་པར་དུ་ཉེ་བའི་ལོ་ཟླའི་ནང་བོད་ཕྱི་ནང་གཉིས་སུ་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་བོད་མི་ཚོས་གློག་ཀླད་རྩིས་འཁོར་ནས་ཁྱད་ཆོས་སྣ་འཛོམས་ཅན་གྱི་ཁ་པར་བརྒྱུད་དྲ་ཐོག་ལ་འགྲུལ་བཞུད་བྱེད་པའི་འཕོ་འགྱུར་གྱི་ཁ་ཕྱོགས་གསར་བ་འདིའི་ཁྲོད་དུ་བོད་ཕྱི་ནང་གཉིས་དབར་གྱི་དྲ་རྒྱའི་བརྒྱུད་ལམ་དེ་འཚང་ཁ་ཤིག་ཤིག་ཏུ་གྱུར་ཅིང་། འཕྲིན་ཕྲན་ཞེས་པའི་ཁ་པར་གྱི་མཉེན་ཆས་གསར་བ་དེ་ཤུགས་ཆེར་དར་ཁྱབ་ཕྱིན་པའི་བརྒྱུད་རིམ་དེའི་ཁྲོད་དུ་བོད་མི་མང་པོ་ཞིག་གིས་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་གནད་དོན་སྐོར་ལ་དེ་ཙམ་དོ་སྣང་མ་བྱས་པར་གསང་བའི་ཡིག་ཆ་གང་མང་འཕྲིན་ཕྲན་ཞེས་པའི་མཉེན་ཆས་དེ་བརྒྱུད་ནས་ཕན་ཚུན་ལ་གཏོང་རེས་བྱས་པའི་རྒྱུ་མཚན་གྱིས་བོད་ནང་གི་བོད་མི་མང་པོ་ཞིག་དྲ་རྒྱའི་ཐོག་ཏུ་འགྲུལ་བཞུད་སྐབས་་“རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་”ཁྲིམས་འགལ་གྱི་ཉེས་མིང་འོག་བཙོན་འཇུག་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད།ཡིད་སྐྱོ་བའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་ཁྱབ་སྤེལ་བྱེད་རྒྱུ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་འཚོ་སྡོད་བྱེད་བཞིན་པའི་བོད་མི་ཚོའི་འགན་འཁྲི་གཡོལ་མེད་ཅིག་ཡིན་མོད།  འོན་ཀྱང་གནས་ཚུལ་དེ་དག་མཁོ་བསྡུ་བྱེད་དུས་སྣང་མེད་དུ་འཇོག་མི་ཉན་པའི་དོན་དག་གལ་ཆེན་ཁ་ཤས་ཡོད་པ་ཚང་མས་ངེས་པར་དུ་ཡིད་འཇོག་བྱེད་དགོས་ཀྱི་འདུག

གཅིག བོད་ནང་ནས་སྐྱེས་ཤིང་ཕྱིས་སུ་བཙན་བྱོལ་ལ་འབྱོར་བའི་བོད་མི་ཚོ་ནི་དྲ་རྒྱའི་བརྒྱུད་ལམ་ཁྲོད་དུ་གཞིས་ལུས་བོད་མི་ཚོ་དང་འབྲེལ་འདྲིས་ཤུགས་ཆེན་ཡོད་པ་བཞིན།   ད་ལྟའི་དུས་སྐབས་འདིར་ང་ཚོས་བོད་ནང་གི་བོད་མི་ཚོའི་བདེ་འཇགས་ལ་ངེས་པར་དུ་བསམ་བློ་གཏོང་དགོས།   བོད་ནང་གི་བོད་མི་ཚོའི་བདེ་འཇགས་ལ་བསམ་བློ་གཏོང་དགོས་ཀྱི་འདུག་ཟེར་དུས་ངས་ད་ལྟའི་དུས་སུ་དར་ཁྱབ་ཆེ་བའི་འཕྲིན་ཕྲན་མཉེན་ཆས་དེ་བོད་མི་ཚོས་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་ཀྱི་འདུག་ལབ་ཀྱི་མེད།  སྤྱིར་བཏང་དང་ནམ་རྒྱུན་གྱི་སྐད་ཆ་སོགས་འཕྲིན་ཕྲན་བརྒྱུད་ནས་བཤད་ན་འགྲིག་གི་ཡོད་ཀྱང་།  ང་ཚོས་བོད་ནང་གི་བོད་མི་ཚོར་གནས་ཚུལ་གལ་ཆེན་ཁག་དང་གསང་བའི་ཡིག་ཆ་སོགས་འཕྲིན་ཕྲན་བརྒྱུད་ནས་མི་གཏོང་བའི་སྐུལ་མ་དང་ལམ་སྟོན་བྱེད་དགོས།

གནས་ཚུལ་དེ་དག་འཕྲིན་ཕྲན་བརྒྱུད་ནས་བཏང་ན།  རྒྱ་ནག་གཞུང་གིས་གནས་ཚུལ་གཏོང་མཁན་གྱི་མི་དེ་ཁོང་གི་ཁ་པར་དང་བྱང་བུ་བརྒྱུད་ནས་ལམ་སེང་ངོས་འཛིན་ཐུབ་ཀྱི་ཡོད།  གང་ཡིན་ཞེ་ན་ཁ་པར་དང་བྱང་བུ་གཉིས་ནི་ཡིད་ཆེས་བྱེད་ཆོག་པ་ཞིག་གཏན་ནས་མིན་ལ།  དེ་དག་བརྒྱུད་ནས་གང་ཟག་སོ་སོའི་བདེ་འཇགས་ལ་དོ་ཕོག་རྒྱ་ཆེར་འགྲོ་གི་ཡོད།  དེའི་སྐོར་གྱི་གནས་ཚུལ་རྒྱས་པ་ཀློག་འདོད་ཚེ་དྲ་ངོས་་http://karkhung.com/?p=113་ལ་གཟིགས་ཆོག་ལ།  བརྙན་པར་གྱི་ལམ་ནས་གཟིགས་འདོད་ཚེ་དྲ་ཐག་http://www.youtube.com/watch?v=SFECHL78U1U&feature=plcpདང་http://www.youtube.com/watch?v=VOdmlHDGPWY&feature=plcpའདི་གཉིས་ཀྱི་ཐོག་ལ་བསྣུན་རོགས།

གཉིས།འཕྲིན་ཕྲན་ཞེས་པའི་མཉེན་ཆས་དེ་རྒྱ་ནག་གིས་བཟོས་པ་ཡིན་ལ།  མཉེན་ཆས་དེས་HTTPS་ཞེས་པའི་བདེ་འཇགས་ཀྱི་མཐུན་རྐྱེན་དེ་བེད་སྤྱོད་གཏོང་གི་མེད་པས།  དྲ་ལམ་བརྒྱུད་ནས་བཏང་བའི་གནས་ཚུལ་ཆ་ཚང་རྒྱ་ནག་གཞུང་གིས་མཐོང་ཐུབ་ཀྱི་ཡོད་ལ།  སྦ་གསང་མེད་པར་ཕྱི་གསལ་ནང་གསལ་ངང་རྒྱུ་བཞིན་པའི་དྲ་ཐོག་གི་ཡིག་ཆ་རྣམས་དང་པོ་ང་ཚོར་མ་འབྱོར་གོང་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་བརྒྱུད་ཀྱི་ཡོད་པ་ཚང་མས་ཧ་གོ་དགོས།  བོད་ནང་གི་གནས་ཚུལ་རྣམས་འཕྲིན་ཕྲན་གཅིག་པུ་བརྒྱུད་ནས་མ་གཏོགས་གཏང་མ་ཆོག་པ་དེ་འདྲ་ཡང་གཏན་ནས་མ་རེད།  དཔེར་ན།  འཕྲིན་ཕྲན་དང་ཁྱད་ཆོས་གཅིག་པ་འཛོམས་ཡང་།  བདེ་འཇགས་ཀྱི་ཐད་ནས་འཕྲིན་ཕྲན་དང་བསྡུར་ན་ཁྱད་དུ་འཕགས་པའི་མཉེན་ཆས་གང་མང་་དཔེར་ན་whatsapp་དང་kakao་voxerསོགས་ཡོད་ལ།  མཉེན་ཆས་དེ་དག་བེད་སྤྱོད་བཏང་ནས་དྲ་ལམ་ལ་ཉུལ་དུས་ཁྱེད་ཀྱི་གནས་ཚུལ་རྣམས་སྦས་ནས་གཏོང་ཐུབ་ཀྱི་ཡོད།  གང་ཡིན་ཞེ་ན་མཉེས་ཆས་དེ་དག་གིས་ག་དུས་ཡིན་ཡང་httpsཞེས་པའི་བདེ་འཇགས་ཀྱི་མཐུན་རྐྱེན་འཕར་མ་དེ་བེད་སྤྱོད་གཏོང་གི་ཡོད།  ཡིན་ཡང་དུས་ད་ལྟའི་ཆར་མཉེན་ཆས་དེ་དག་བོད་ནང་དུ་དར་ཁྱབ་ཆེན་པོ་མེད་ཀྱང་ང་ཚོས་གཞིས་ལུས་བོད་མིའི་བདེ་འཇགས་གལ་ཆེ་ཤོས་ལ་བརྩིས་ནས་ཁོང་ཚོར་མཉེན་ཆས་དེ་དག་ངོ་སྤྲོད་དང་མཐུན་སྦྱོར་བྱེད་ཐུབ་པ་བྱ་དགོས། https་སྐོར་ལ་རྩོམ་ཡིག་རྒྱས་པ་ཀློག་འདོད་ཚེ་དྲ་ངོས་http://karkhung.com/?p=460་ཕེབས་ཆོག་ལ་བརྙན་པར་གྱི་ལམ་ནས་གཟིགས་འདོད་ཚེ་དྲ་ཐག་http://www.youtube.com/watch?v=wahkOj4V450&feature=plcpའདིའི་ཐོག་ལ་བསྣུན།

ལྷག་པར་དུ་གློག་ཀླད་རྩིས་འཁོར་བརྒྱུད་ནས་བོད་ཕྱི་ལོགས་སུ་གནས་ཚུལ་གཏོང་མཁན་གྱི་བོད་མི་ཚོར་ཡང་སོ་སོའི་ངོ་བོ་སྦས་པའི་ཐོག་ནས་གཏང་ཆོག་པའི་དྲ་ཚིགས་ཡོད་པ་དེ་དག་ཀྱང་ངོ་སྤྲོད་བྱེད་རྒྱུ་ནི་ད་ལྟའི་དུས་ཀྱི་གལ་གནད་ཆེ་ཤོས་དེ་ཆགས་འདུག

དཔེར་ན།  གནས་ཚུལ་ཁག་བརྟན་པོ་བྱས་ནས་གཏང་ཆོག་པའི་མཐུན་རྐྱེན་ Google Drive དང་Dropbox  www.ge.ttསོགས་དང་ད་དུང་ཡིག་ཆ་ཆེན་པོ་དང་བརྙན་པར་གྱི་རིགས་ལྗིད་ཁོག་ཚ་བོ་དེ་འདྲ་https://www.transferbigfiles.com/དང་https://wetransfer.com/བརྒྱུད་ནས་གནས་ཚུལ་གཏོང་དུས་སོ་སོའི་མིང་དང་གློག་འཕྲིན་ཁ་བྱང་སོགས་སྤྲོད་མི་དགོས་པར་ཐད་ཀར་གནས་ཚུལ་གཏོང་སའི་མི་དེའི་གློག་འཕྲིན་ཁ་བྱང་བྲིས་ནས་བཏང་ཆོག་པས་བདེ་འཇགས་ཀྱི་ཐད་ནས་ཧ་ཅང་ལེགས།

གསུམ། བོད་ནང་ནས་བཏང་བའི་ཡིག་ཆ་དང་འདྲ་པར་གལ་ཆེན་སོགས་འབྱོར་དུས་གང་ཟག་རེ་ཟུང་དང་ཚོགས་པ་ཁ་ཤས་ཀྱིས་སོ་སོའི་མཚན་མཐོང་ཕྱིར་བསྒྲགས་བྱེད་ཆེད་གནས་ཚུལ་དེ་དག་ཐོག་ལ་ཧམ་རྩོད་བྱས་ནས་དྲ་ཐོག་ཏུ་སུས་མགྱོགས་གཏོང་ཨེ་ཐུབ་ལ་ལྟ་བ་ནི་ང་ཚོའི་ཅོལ་ཆུང་གི་བྱེད་ལུགས་ཉག་ཅིག་ཡིན།  བོད་ནང་ནས་བཏང་བའི་གནས་ཚུལ་དག་ཧ་ཅང་གལ་ཆེན་པོ་ཡིན་པ་བཞིན་ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གང་ཐུབ་ཁྱབ་སྤེལ་བྱེད་དགོས་པ་ལས།  གསར་ལམ་ཁག་ཏུ་མ་ཁྱབ་གོང་ངོ་དེབ་དང་སྤྱི་བཏང་གི་སྤྱི་ཚོགས་དྲ་ལམ་ཁག་ལ་ཁྱབ་བརྡལ་བཏང་བ་ཡིན་ན་དེས་བོད་ནང་གི་གནས་ཚུལ་གྱི་རིན་ཐང་ཕྱོགས་ཡོངས་ནས་རྩ་མེད་གཏོང་གི་ཡོད་ལ།  ཕྱོགས་གཞན་ཞིག་ནས་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོའི་བློས་གཏོང་ཡོད་ཚད་ཆུད་ཟས་སུ་གཏོང་གི་ཡོད།  དེའི་སྐོར་གྱི་གནས་ཚུལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་སྤྱི་ཁྱབ་འགན་འཛིན་བསྟན་རྡོར་ལགས་ཀྱིས་སྤེལ་བའི་བསམ་ཚུལ་དང་རེ་སྐུལ་ཐུང་ཐུང་ཞིག་དྲ་ཐག་འདིའི་ཐོག་http://www.youtube.com/watch?v=0HVghl__NGU&feature=youtu.beབརྙན་པར་གྱི་ལམ་ནས་གཟིགས་ཆོག

དཔེར་ན།  ༢༠༠༨་ལོར་བྱུང་བའི་གནས་ཚུལ་གལ་ཆེན་སྐར་མ་ཉི་ཤུ་ལྷག་ཡོད་པའི་བརྙན་པར་http://www.youtube.com/watch?v=-iwsNCnTApw་དེ་ང་ཚོས་རྒྱལ་སྤྱིའི་གསར་ལམ་་ཁག་ལ་ཁྱབ་བརྡལ་གཏོང་མ་ཐུབ་པ་ལ་པེ་ཅིན་ཏུ་ཡོད་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་སྐྱོན་བརྗོད་གནང་་ཡོད་པ་ “མཐོང་མི་ཐུབ་པའི་བོད།”ཅེས་པའི་ཁོ་མོའི་སྒེར་གྱི་དྲ་ཚིགས་ན་གསལ།

དེར་བརྟེན།  རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ལ་བོད་ནང་གི་གནས་ཚུལ་རྣམས་མ་ཁྱབ་གོང་བོད་མི་ཚོས་གནས་ཚུལ་དེ་དག་སྤྱི་ཚོགས་དྲ་ལམ་གང་སར་ཁྱབ་སྤེལ་མ་གཏོང་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་འདོད་བྱུང་ལ།  གནས་ཚུལ་དེ་དག་རྒྱལ་སྤྱིའི་གསར་ལམ་ཁག་ནས་ཁྱབ་སྤེལ་ངེས་གཏན་ཡོང་བ་ལ།  སོ་སོར་གནས་ཚུལ་འབྱོར་མཚམས་ནམ་རྒྱུན་ནས་བོད་དོན་ཐོག་ལ་ཕྱག་ལས་གནང་བཞིན་པ་མ་ཟད།  རྒྱལ་སྤྱིའི་གསར་ལམ་གལ་ཆེན་ཁག་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་ལམ་སེང་འབྲེལ་བ་བྱེད་དགོས།

གལ་ཏེ་ཁྱེད་རང་རྒྱ་གར་ནང་དུ་བཞུགས་ཀྱི་ཡོད་ཚེ།  དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་སོགས་ལ་འབྲེལ་བ་བྱེད་དགོས་ལ།  གལ་ཏེ་ཁྱེད་རང་ཨ་རི་དང་ཡུ་རོབ་སོགས་སུ་བཞུགས་ཀྱི་ཡོད་ཚེ།  ཨ་རིར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་།  བོད་དོན་ལས་འགུལ་བསྟི་གནས་ཁང་སོགས་ལ་འབྲེལ་བ་གནང་བ་ཡིན་ན་ང་ཚོའི་གནས་ཚུལ་ཁག་ཁྱབ་སྤེལ་གཏོང་བ་ལ་ཁྱད་པར་ཆེན་པོ་བཟོ་ཐུབ་ངེས་པས་རྩམ་གཟན་བོད་མི་ཚང་མས་ངེས་པར་དུ་ཡིད་འཇོག་བྱེད་རོགས།

འབྲེལ་གཏུགས་བྱེད་ཡུལ་གྱི་ཁ་བྱང་ཁག་ཅིག

བོད་ཀྱི་གཞོན་ནུ་ལྷན་ཚོགས།     info@tibetanyouthcongress.org

བོད་རང་བཙན་སློབ་ཕྲུག་ཚོགས་པ། info@studentsforafreetibet.org

རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་།  http://www.savetibet.org/contact

དཔྱད་གཞི་ཡིག་ཆ་ཁག་ཅིག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་སྤྱི་ཁྱབ་འགན་འཛིན་བསྟན་རྡོར་ལགས་ལ་དྲ་རྒྱའི་རང་དབང་དང་དྲ་རྒྱ་བེད་སྤྱོད་གཏོང་ཕྱོགས་སྐོར་ཨེ་ཤེ་ཡ་རང་དབང་གློག་འཕྲིན་ཁང་གིས་བཅར་འདྲི་བྱས་པ་ཞིག་དྲ་ཐག་http://bit.ly/R0GWLDའདིའི་ཐོག་ལ་བསྣུན་ནས་གཟིགས།

བོད་དོན་ལས་འགུལ་བསྟི་གནས་ཁང་གི་བསྟན་འཛིན་ཆོས་སྒྲོན་ལགས་ལ་ཁ་པར་གྱི་བདེ་འཇགས་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་དྲ་སྣང་གི་བོད་ཀྱི་གཙོ་སྐྱོང་བ་ཚེ་རིང་སྐྱིད་ཀྱིས་བཅར་འདྲི་བྱས་པ་ཞིག་དྲ་ཐག་https://www.facebook.com/photo.php?v=333667236669068འདིའི་ཐོག་ལ་བསྣུན་ནས་གཟིགས།

བོད་དོན་ལས་འགུལ་བསྟི་གནས་ཁང་གི་བློ་བཟང་རྒྱ་མཚོ་ལ་སྐར་འཕྲིན་གཙོས་མཉེན་ཆས་འདྲ་མིན་གྱི་བདེ་འཇགས་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ནང་བཅར་འདྲི་བྱས་པ་ཞིག་དྲ་ཐག་http://www.voatibetanenglish.com/media/video/1529776.htmlའདིའི་ཐོག་ལ་བསྣུན་ནས་གཟིགས།

མཆན།

རྒྱ་སྐད་དུ་weixin དང་དབྱིན་སྐད་དུ་wechat  ཟེར་བའི་མཉེན་ཆས་དེ་ལ་བོད་པ་ཚོས་སྐར་འཕྲིན་དང་།  ཕྲ་འཕྲིན།  འཕྲིན་ཕྲན་སོགས་མང་པོ་འབྲི་སྲོལ་འདུག་ཀྱང་།  ངས་QQ དང་པོད་ཕྲན་(weibo)སོགས་བརྒྱུད་ནས་བོད་ནང་གི་བོད་མི་མང་པོ་ཞིག་པ་ཡིན་ལ།  ང་ནོར་མེད་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོས་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྣམས་ཀྱིས་གསར་དུ་བསྒྲིགས་པའི་མིང་མཛོད་ནང་དུ་འཕྲིན་ཕྲན་ཞེས་གཏན་ལ་ཕབ་ཡོད་འདུག

Share this:
༩༨ ཀློག་གྲངས།