སྲིད་སྐྱོང་གིས་ཨི་ཊ་ལིའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད།

ཕྱི་ཟླ་༡༠ ཚེས་༢༥ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཉིན་གཉིས་པའི་གཞུང་འབྲེལ་ལས་དོན་སྐབས། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བཅུ་གཅིག་དང་མཇལ་འཕྲད་གནང་བ་དང་།

སྐབས་དེར་སྲིད་སྐྱོང་མཆོག་གི་གྲོས་ཚོགས་འཐུས་མི་རྣམས་ནས་ད་བར་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྐབས། ཁྱེད་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་གནང་བ་ནི་བདེན་པ་དང་མང་གཙོ། འཚེ་མེད་ཞི་བར་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་དང། ང་ཚོའི་འཐབ་རྩོད་ཀྱང་ལྟ་གྲུབ་དེ་གཉིས་གཙོ་བོར་འཛིན་བཞིན་ཡོད། ཁྱེད་རྣམ་པས་རྒྱབ་སྐྱོར་གནང་བ་དེས་བོད་ནང་གི་གཞིས་ལུས་བོད་མི་ཚོར་བརྡ་ལན་ཤུགས་ཆེན་པོ་ཞིག་གཏོང་བཞིན་ཡོད། ཨི་ཊ་ལིའི་གྲོས་ཚོགས་ནང་ཕྱི་ལོ་༢༠༡༢ ཟླ་༢ ཚེས་༨ ཉིན་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དེ་ནི་བོད་མི་རྣམས་བྱུང་རབས་ལོ་རྒྱུས་ཁྲོད་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དུས་སྐབས་འདིར་ཨི་ཊ་ལི་གྲོས་ ཚོགས་འཐུས་མི་རྣམས་ཀྱིས་བདེན་པའི་རྒྱབ་ལངས་གནང་བ་འདི་ནི་བྱུང་རབས་ཀྱི་དཔང་པོ་ཞིག་ཆགས་ཡོད་ཅེས། བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་སྐོར་དང་། བོད་མི་དཀའ་ངོ་སྐོར་ངོ་སྤྲོད་གནང་ཡོད་པ་རེད།

དེ་རྗེས་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་སྲིད་སྐྱོང་བློ་བཟང་སེང་གེ་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།
གསར་འགོད་ལྷན་ཚོགས་དེའི་ཐོག་གྲོས་ཚོགས་འཐུས་མི་དྲུག་གིས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁོང་རྣམ་པས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་དང་། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཧ་ཅང་སེམས་འཚབ་ཡོད་སྐོར་གསུངས་ཡོད་པ་རེད།
ཉིན་རྒྱབ་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་ཨེ་མ་བྷོན་ནིའོ་ཡིས་སྲིད་སྐྱོང་མཆོག་ལས་ཁུངས་སུ་མགྲོན་འབོད་ཀྱི་མཇལ་འཕྲད་གནང་བ་དང། དེ་རྗེས་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་སྟེ། གྲོས་ཚོགས་འཐུས་མིས་གྲོས་མོལ་གྱི་ལམ་ནས་བོད་ ཀྱི་གནད་དོན་སེལ་ཆེད་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་མ་ཟད། བོད་མིས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནས་སྟངས་ཐོག་ཧ་ཅང་སེམས་འཚབ་ཡོད་སྐོར་གསུངས་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་གིས་ཨི་ཊ་ལིའི་ཆབ་སྲིད་ཚོགས་པའི་མི་སྣ་ཁག་ཅིག་ལ་ཡང་མཇལ་འཕྲད་གནང་བ་དང་། ཁོང་ཚོས་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།
ཕྱི་ཟླ་༡༠ ཚེས་༢༤ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་འབྱོར་སྐབས། རོམ་གྲོང་ཁྱེར་སྲིད་གཞུང་གི་ཚོགས་གཙོ་སྐུ་ཞབས་ནི་ཀོ་ལ་ ཛིང་གྷ་རེ་ཊིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་བབས་སྐོར་ལ་གོ་བསྡུར་གནང་།
རོམ་ས་གནས་སྲིད་གཞུང་ནས་བོད་མིའི་ཤེས་ཡོན་ཐོག་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་བ་དེས་བོད་མིའི་མ་འོངས་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ནང་གི་བོད་མི་རྣམས་ཀྱི་མངོན་འདོད་བསྒྲུབ་རྒྱུར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་སྲིད་སྐོང་གིས་གསུངས་ཡོད་པ་རེད།

Share this:
༩༥ ཀློག་གྲངས།