རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དྷ་སར་འཚོག་རྒྱུ་རེད་འདུག

tenzin_sonamདེ་རིང་ཞོགས་པར་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་བསོད་ནམས་དང་། ཁོང་གི་བཟའ་ཟླ་རི་ཏུ་གཉིས་ཀྱིས། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་ཕྱི་ཟླ་༡༡ པའི་ཚེས་༡ ཉིན་ནས་ཉིན་༤ རིང་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོག་རྒྱུ་ཡིན་ཞེས་བསྒྲགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༣༠ ཉིན་གྱི་ཞོགས་པའི་ཆུད་ཚོད་༡༡ སྟེང་། དྷ་ཤོད་Press Club ཞེས་པའི་ཉེ་འགྲམ་དུ་ཡོད་པའི་པན་ཇབ་དངུལ་ཁང་གི་སྟེང་དུ། གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་བསོད་ནམས་དང་། ཁོང་གི་བཟའ་ཟླ་རི་ཏུ་གཉིས་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཏེ། ཕྱི་ཟླ་༡༡ པའི་ཚེས་༡ ནས་ཉིན་༤ རིང་རྒྱ་གར་ཧི་མ་ཅལ་ནང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་དང་པོ་དེ། ཕྱི་ཟླ་༡༡ པའི་ཚེས་༡ ཉིན་ནས་འགོ་བརྩམས་ཏེ་ཉིན་༤ རིང་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོག་རྒྱུའི་གསལ་བསྒྲགས་བྱས་སོང་།

དེ་ཡང་གསལ་འགོད་གསལ་བསྒྲགས་སྐབས། ཐེངས་འདིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་ཀྱིས་བརྗོད་ན། ཐེངས་འདིར་དྷ་སར་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་རྒྱལ་སྤྱིའི་གློག་བརྙན་ཁག་༢༦ འགྲེམས་སྟོན་བྱ་རྒྱུ་ཡིན་པ་ལས་དེ་དག་གི་ནང་། དངོས་བྱུང་གློག་བརྙན་༡༢ དང་། བོད་དོན་དང་འབྲེལ་བའི་གློག་བརྙན་༣ ཡོད་པ་རེད་འདུག

དེ་བཞིན་ལོ་འདིར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་དྷ་སར་འཚོག་དགོས་དོན་དེ་ཡང་། ནམ་རྒྱུན་རྒྱ་གར་གྱི་སྤྱི་ཚོགས་དང་བོད་མིའི་སྤྱི་ཚོགས་བར་འབྲེལ་བ་ཤུགས་ཆེན་པོ་མེད་པའི་གནས་སྟངས་མཐོང་གི་ཡོད་པར་བརྟེན། རྒྱ་གར་དང་བོད་མིའི་སྤྱི་ཚོགས་བར་མི་མང་གིས་མཉམ་དུ་བེད་སྤྱོད་བྱེད་སའི་སྡིངས་ཆ་དགོས་ཀྱི་ཡོད་པ་དང་། ད་ལོར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་འདིར་འཚོག་ཐུབ་པ་ཡིན་ན། ཕྱི་རྒྱལ་ཁག་གི་མི་དང་ལྷག་པར་རྒྱ་གར་དང་བོད་མི་མང་པོ་ཞིག་དུས་སྟོན་འདིར་འཛོམས་ཀྱི་ཡོད་པར་བརྟེན། དུས་སྟོན་འདི་བརྒྱུད་ནས་རྒྱ་གར་དང་བོད་མིའི་སྤྱི་ཚོགས་བར་མཐུན་སྒྲིལ་ཡོང་ཐབས་དང་། ཡང་ཕྱོགས་གཞན་ཞིག་ནས་དེང་སང་མི་མང་པོ་ཞིག་གིས་དྷ་སར་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་ཡོད་པར་བརྟེན། ཕྱི་རྒྱལ་ཁག་དང་རྒྱ་གར་གྱི་མི་སྣ་མང་པོ་ཞིག་ཡོང་ཐུབ་པར་བསམ་ཏེ་དྷ་སར་གོ་སྒྲིག་བྱས་པ་རེད་འདུག

ཡང་གོ་སྒྲིག་པས་བརྗོད་ན་ལོ་འདིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་དམིགས་བསལ་གྱིས་བོད་དོན་དང་འབྲེལ་བ་མེད་ན་ཡང་། འཛམ་གླིང་གི་མི་སྣ་མང་པོ་ཞིག་འདིར་ཡོང་གི་ཡོད་པ་དང་སྟབས་བསྟུན་བོད་དོན་སྐོར་ཟུར་དུ་དྲིལ་བསྒྲགས་བྱས་ཐུབ་པར་བསམ་བློ་བཏང་ཡོད་ཅེས་བརྗོད་སོང་།

རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདི་འདྲ་ཞིག་ཧི་མ་ཅལ་ནང་ལ་འཚོགས་པ་ཐེངས་དང་པོ་ཆགས་ཡོད་པ་དང་། དེ་བཞིན་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་བསོད་ནམས་དང་། ཁོང་གི་བཟའ་ཟླ་རི་ཏུ་གཉིས་ཀྱིས་བཟོ་སྐྲུན་བྱས་པའི་གློག་བརྙན་མང་ཆེ་བ་བོད་དོན་དང་འབྲེལ་བའི་གློག་བརྙན་ཡིན་པ་རེད། ལྕམ་རི་ཏུ་ནི་རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་ཞིག་རེད།།

Share this:
༡༠༨ ཀློག་གྲངས།