ནང་པ་དང་ཚོང་པ།

 གཡུ་སྒང་དགེ་འདུན།
སྤྱིར་ང་རང་ལ་ཤེས་འཇོན་གང་ཡང་མེད་མོད། རང་ཉིད་དགའ་ཕྱོགས་ནི་དམའ་རིམ་སྤྱི་ཚོགས་ཀྱི་སྐྱིད་སྡུག་ཉམས་ཞིབ་དང༌། གོམས་གཤིས་ཞིབ་འཇུག་ལ་དགའ་བོ་ཡོད་སྟབས། སྤྱི་ཚོགས་འདིར་ང་ལ་མི་དགའ་མཁན་མང༌། ཡིན་ནའང༌། ངས་དམར་རྗེན་དུ་བཤད་དགོས་པ་རང་ཉིད་དགའ་ཕྱོགས་ཀྱི་ཁྱད་ཆོས་གཙོ་བོ་དེ་ཆགས་ཡོད་པས།

སྦས་གསང་མེད་པར་དམར་རྗེན་དུ་བཤད་དུས་རྣག་ཐོག་ཁབ་གཙེག་ཏུ་སོང་བ་དེ་ཚོ་ཨ་ཅང་ཅང༌། དེ་དང་ཐག་ཉེ་སར་གནས་པའི་རིགས་ཀྱང་མི་བདེ་བ་དང་མི་དགའ་བ་འབྱུང༌། ཡང་རང་ཉིད་འབྲེལ་མེད་དང་སྣང་མེད་དུ་འཇོག་མཁན་དེ་ཚོས་ཆོ་མེད་ཀྱི་གཏམ་དུ་མཐོང་ངེས་སོ།།

གང་ལྟར་ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མི་ཡོད་ཚད་ཀྱིས་ཁ་གྲག་པ་ཙམ་གྱིས་ང་ཚོ་ནང་པ་ཡིན་པས་ལས་རྒྱུ་འབྲས་དང་མི་བླ་མ་དཀོན་མཆོག་༼ནང་སེམས་དང་ཕྱི་ཀུན་སྤྱོད་སོགས་གང་གི་ཆ་ནས་ཚུལ་ལྡན་གྱི་མི།༽བྱེད་དགོས་ཞེས་བརྗོད་ཀྱི་ཡོད། དེ་འདྲ་ཡིན་དུས་ངས་འདིར་དེ་དོན་དངོས་དང་གནས་ཐུབ་ཀྱི་ཡོད་མེད་ཀྱི་ཐད་ལ་ར་སྤྲོད་ཟེར་ནའང་འདྲ། རང་མཚང་ཕྱིར་བརྟོལ་ཟེར་ནའང་འདྲ། དོན་གནད་སྤྱི་ཚོགས་འདིར་གནས་རིམ་མཐོ་འབྲིང་དམའ་གསུམ་ལས་དམའ་རིམ་སྤྱི་ཚོགས་ཀྱི་ཟུར་ཞིག་གཞིར་བཞག་སྟེ་བརྗོད་འདོད་བྱུང༌། སྤྱིར་འཚོ་བ་ཞིག་འཚོལ་དགོས་དུས་ཁེ་བཟང་ལ་ལྟ་བ་ཆོས་ཉིད་རེད། ཡིན་ནའང༌། ང་ཚོ་བོད་པའི་ཚོང་པ་ཆེ་འབྲིང་ཆུང་གསུམ་གྱི་སྤྱི་ཚོགས་འདི་ཚད་བརྒལ་རང་བཞིན་ཞིག་ཏུ་མཐོང༌། ངས་ཚད་བརྒལ་ཟེར་བ་དེ་ཁེ་བཟང་རྐྱང་པར་ཟེར་གྱི་མེད། རང་ཉིད་ནང་པ་ཞིག་ཡིན་པ་ཙམ་མ་ཟད་ཁ་གྲག་པ་ཙམ་གྱིས་ལས་རྒྱུ་འབྲས་དང་བླ་མ་དཀོན་མཆོག་བྱེད་དགོས་ཞེས་བརྗོད་བཞིན་པ་དེ་དག་གཞིར་བཞག་སྟེ་གླེང་རྒྱུ། གལ་སྲིད་ལས་རྒྱུ་འབྲས་དང་བླ་མ་དཀོན་མཆོག་ཅིག་བྱེད་དགོས་ན། ངེས་པར་དུ་རྫུན་ཕྲ་མ་གཡོ་སྒྱུ་བརྣབ་སེམས་གནོད་སེམས་སོགས་སྤངས་དགོས་པ་ནི། ང་ཚོ་ཤེས་ཡོན་མེད་པ་རྣམས་ཀྱིས་ཀྱང་ཤེས་ཡོད་པ་འགྲེལ་བཤད་རྒྱག་མི་དགོས་པ་ཞིག་ཡིན།

དེ་འདྲ་ཞིག་ཡིན་དུས་རང་ཉིད་ཀྱིས་ཤེས་བཞིན་དུ་ཁེ་བཟང་གི་ཆེད་དུ་སྤངས་དགོས་པའི་རིགས་སྒྲུབ་བཞིན་པ་དེ་དག་ལ་དཔེ་མཚོན་ཞིག་བརྗོད་ན།  ༡ ཅ་དངོས་རྫུན་མར་དག་མའི་མིང་བཏགས་པ་སོགས་རྫུན་དང༌། ༢ ཅ་དངོས་ཀྱི་རྒྱུ་སྤས་མི་ཤེས་ཤེས་ཁུལ་དང༌། ཤ་ཚ་མདོག་དང་སྙིང་ཉེ་མདོག་གིས་མགོ་སྐོར་གཏོང་བའི་གཡོ་སྒྱུ། ༣ གཞན་ལ་ཡོད་པའི་ཚོང་ཟོག་དེ་འདྲ་ང་ལ་ཡོད་ན་སྙམ་པའི་བརྣབ་སེམས། ༤ གཞན་གྱི་ཚོང་འགོག་ཐབས་དང་རང་གི་ཚོང་རྒྱས་ཐབས་བྱེད་པའི་གནོད་སེམས། ༥ རང་ཉིད་ཆོས་པ་ཞིག་ཡིན་པ་སེམས་ནས་བོར་ཏེ་ཚོང་གི་ཁེ་བཟང་གི་ལས་དོན་དེ་དག་དྲང་པོར་བསམ་པའམ་ཆོས་ཕྱོགས་ཀྱི་སྤངས་བྱ་དེ་དག་མཁོ་མེད་དུ་བཞག་པའི་ལོག་རྟོག་སོགས་༼ཕྲག་དོག འགྲན་སེམས། ཁོང་ཁྲོ། ང་རྒྱལ།༽མི་དགེ་བའི་ལས་འདི་དག་ཤེས་བཞིན་དུ་བསྒྲུབ་ཀྱི་ཡོད་པ་རེད།  དེར་བརྟེན་ངས་འདིའི་རིགས་ལ་ཚད་བརྒལ་ཞེས་བཏགས་པ་ཡིན་ལ། འདིའི་རིགས་མེད་ན་ཚོང་རྒྱག་སྟངས་མེད་པ་ཞིག་གཏན་ནས་མིན། ཁྲིམས་མཐུན་གྱིས་ཚོང་ལས་ཤིག་གཉེར་ན་ཅ་དངོས་གང་ཡང་རུང་བ་དེར་བབ་བསྟུན་གྱི་གོང་ཚད་བྲིས་ཏེ་བཞག་ཆོག་ལ། དེར་བརྟེན་རང་ཉིད་ཆོས་པའི་མི་རིགས་ཤིག་ཡིན་པའི་ལུས་སེམས་ཀྱི་སྤྱོད་སྟངས་དང་འགལ་པའི་ལས་སྣ་ཚོགས་བེད་སྤྱད་གཏོང་མི་དགོས་པར་ཉོ་མཁན་མགྲོན་པོའི་བློར་བབ་ན་ཉོ་རྒྱུ་དང་མ་བབ་ན་འཇོག་རྒྱུ་དེ་ཡིན་པས་ཧ་ཅང་སྟབས་བདེ་རེད།

ང་ཚོས་རང་ཉིད་ལ་རྒྱུས་མེད་པའི་རྒྱལ་ཁབ་གཞན་དཔེ་མཚོན་དུ་མི་དགོས་པར། ང་རང་ཚོ་སྡོད་བཞིན་པའི་རྒྱ་གར་རྒྱལ་ཁབ་འདིར་ཡང་འགྲོ་སྟངས་དེ་ཡོད་པ་རེད།  འགྲོ་སྟངས་དེ་ང་ཚོ་གནས་སྡོད་བྱེད་སའི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་མེད་ལ། ཕྱོགས་གཞན་ནས་བཤད་ན་ྋགོང་ས་མཆོག་གིས་ཚོང་ལས་ཀྱི་ཐད་ལ་བཀའ་སློབ་གནང་བའི་གསུངས་ལ་ཡང་འགལ་མེད། ང་ཚོ་བོད་པ་ཚང་མ་ཁ་ཆོས་དྲི་དང་ལག་པ་སྤོས་དྲི་ཐུལ་སེ་ཡོད་པ་ཤ་སྟག་ཡིན་མོད། འོན་ཀྱང༌། དོན་ཐོག་ཏུ་ཕབས་མཁན་ཧ་ཅང་དཀོན་པོ་ཆགས་ཡོད་པ་ཤིན་ཏུ་གསལ། གོང་དུ་བརྗོད་པ་དེ་ནས་འགོ་བརྩམས་ཏེ་སྤྱི་ཚོགས་མཐོ་དམའ་བར་གསུམ་གྱི་ལས་དོན་འདྲ་མིན་གྱི་ཐད་ལ་དཔྱད་ཞིབ་བྱོས་དང༌། ཁ་ཆོས་དྲི་དང་ལག་པ་སྤོས་དྲི་ཐུལ་བ་དེའི་བརྒྱ་ཆའི་བརྒྱད་ཅུ་གཡོ་སྒྱུའི་རྫུ་བག་གྱོན་པ་ཤ་སྟག་རེད་ཅེས་བཤད་ཆོག  ཆོས་ཞེས་ལག་ལ་ཕྲེང་བ་ཞིག་བཟུང༌། ངག་ནས་སྔགས་ཤིག་སྐྱོར་ཁུལ་བྱས་ཏེ་ཆོས་པ་ཡིན་མདོག་གི་རྣམ་པ་ཞིག་བཏོད་དེ་གཞན་ལ་སྐད་ཆ་བཤད་དུས་བྱམས་སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་སོགས་ཡོད་མདོག་ཁ་པོ་བྱེད་རྒྱུ་དེ་བོད་པའི་ཁྱད་ཆོས་གཙོ་བོར་ཆགས་ཡོད་པ་ལས་དོན་དངོས་ཐོག་ྋགོང་ས་མཆོག་གི་གསུངས་བརྩི་ཐུབ་ཀྱི་མེད་པ་གསལ་པོ་ཡོད། ང་ཚོས་རང་ཉིད་ཀྱི་ལག་ལ་ཕྲེང་བ་བཟུང་ཙམ་དང༌། ཁ་ནས་སྔགས་བགྲང་ཙམ་གྱིས་ཆོས་པ་རྣལ་མ་ཞིག་ཆགས་མེད་པ་ཤེས་དགོས་རྒྱུ་གལ་ཆེན་རེད། “ངས་བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲུགས་འོ་མའི་མར་ལོ།” དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་གི་ཆ་ནས་བཤད་ཀྱང༌། ལས་རྒྱུ་འབྲས་དང་མི་བླ་མ་དཀོན་མཆོག་ཟེར་བ་དེ་དོན་དངོས་དང་མཐུན་པ་ཞིག་བྱེད་རྒྱུ་དེ་རེད།

ད་དུང་ངས་ཁ་སྣོན་བྱེད་འདོད་ཅིག་ནི། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཁྲོད་འདིར་སྐྱ་སེར་ཚང་མས་ལག་ལ་དེབ་རེ་དང་ཕོར་པ་རེ་བཟུང་སྟེ་ྋགོང་ས་མཆོག་གི་གསུང་ཆོས་ལ་འགྲོ་མཁན་ནི་ཉུང་ཉུང་མིན་ལ། ྋགོང་ས་མཆོག་གིས་ཀྱང་བཀའ་ཆོས་གསུངས་ཐེངས་རེ་རེར་དུས་རབས་ཉེར་གཅིག་པའི་ཆོས་པ་རྣལ་མ་ཞིག་བྱེད་དགོས་གསུངས་པ་དེ་དག་དང་ལྷན་དུ་བྱ་བ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་ལས་རྒྱུ་འབྲས་སྲུང་ཞིང་བདེན་པ་བདེན་དྲང་གི་སྒོ་ནས་སོང་ན། གནས་སྐབས་སུ་དཀའ་ངལ་འདྲ་འཕྲད་ཀྱང་། མཐའ་འབྲས་བཟང་པོ་ཞིག་ཏན་ཏན་ཡོད་པ་རེད་ཅེས་གསུངས་པའང་ཉུང་ཉུང་མིན། ཁོང་གིས་དེ་ལག་ལེན་དངོས་ཀྱི་སྟེང་ནས་གསུངས་པ་ལས་ཁ་བདེ་ལྕེ་བདེ་བྱས་ཏེ་གསུངས་པ་ཞིག་གཏན་ནས་མིན། དེར་བརྟེན་ང་ཚོ་ཚང་མས་ཚིག་ཉུང་ཞིང་དོན་ཟབ་པའི་གསུངས་དེ་ལག་ལེན་བསྟར་དགོས་པ་ལས། བཙན་བྱོལ་སྤྱི་ཚོགས་འདིར་ཚོགས་པ་སྐྱིད་སྡུག་དང་དགོན་སྡེ་ཁག་གིས་ྋགོང་ས་མཆོག་ཡར་ཞུ་མར་ཞུ་བྱེད་པ་དང༌། སྐྱ་སེར་ཚང་མས་ལག་ལ་དེབ་རེ་དང་ཇ་ཕོར་རེ་བཟུང་སྟེ་གསུང་ཆོས་ལ་འགྲོ་ཁུལ་བྱས་པ་ཙམ་གྱིས་ཕན་པ་མེད་པར་འདོད་དོ།།

དེ་ལས་བོད་པ་རང་ངོས་ནས་ྋགོང་ས་མཆོག་ལ་སྐུ་ངལ་ཡག་པོ་ཞིག་གསོ་བཅུག་སྟེ། ང་རང་ཚོས་ཁོང་གིས་གསུངས་ཟིན་པའི་བཀའ་ཆོས་ཀྱི་རིགས་ལག་ལེན་བསྟར་ཅི་ཐུབ་བྱེད་རྒྱུ་གནད་འགག་རེད།  །

Share this:
༡༢༡ ཀློག་གྲངས།