དབུ་མའི་ལམ་དེར་ནོར་འཁྲུལ་གང་ཡང་མཐོང་མ་སོང་།

tsering wangchuk_australiaཨོ་སི་ཁྲི་ལི་ཡའི་ཁཱུན་སི་ལཱན་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་དབང་ཕྱུག་ནི་རྒྱ་གར་རྡོ་རྗེ་གླིང་དུ་སྐྱེས་པ་དང་། ད་ལྟ་ཨོ་སི་ཁྲི་ལི་ཡའི་གྲོང་ཁྱེར་ཁཱུན་སི་ལཱན་དུ་རྩིས་ཀྱི་ཆེད་ལས་ཐོག་སློབ་གཉེར་བྱེད་བཞིན་ཡོད་པ་རེད། ཁོང་ལ་ས་གནས་དེའི་བོད་མིའི་གནས་སྟངས་སྐོར་བཅར་འདྲི་བྱས་པ་ཡིན།

དྲི་བ། ཁྱེད་སྡོད་གནས་ཀྱི་བོད་རིགས་མཐུན་ཚོགས་དེ་ངོ་སྤྲོད་མདོར་བསྡུས་གནང་རོགས།
ལན། ཨོ་སི་ཁྲི་ལི་ཡའི་ཁཱུན་སི་ལཱན་ས་གནས་ཀྱི་བོད་རིགས་མཐུན་ཚོགས་དེ་བཙུགས་ནས་ལོ་དྲུག་བདུན་ཙམ་ཞིག་རེད་ལ། ཚོགས་པ་ཆུང་ཆུང་དང་མི་འབོར་ཡང་ཉུང་ཉུང་རེད། ས་གནས་དེར་བོད་མི་གནས་སྡོད་བྱེད་མཁན་བརྒྱ་ཙམ་ཞིག་ཡོད། བོད་དོན་ལས་འགུལ་སྤེལ་སྐབས་གྲ་རྒྱས་པོ་འདྲ་རེད། འཛོམས་ཤོག་ཟེར་དུས་ཚང་མ་ཧུར་ཐག་རེད་ལ། ཁྱབ་བསྒྲགས་བྱེད་སྟངས་དེ་ཚོ་ཡག་པོ་ཡོད། དེ་ནས་ས་གནས་དེར་ཨོ་སི་ཁྲི་ལི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡོད་པ་རེད། ཚོགས་པ་དེ་ཡག་པོ་རེད་ལ། རྒྱུན་ལས་དེ་ཚོས་ལྷག་བསམ་རྣམ་དག་གིས་བོད་དོན་ཆེད་ལས་འགུལ་སྤེལ་གྱི་འདུག དུས་ཆེན་ཁག་ལ་མཉམ་འཛོམས་དང་ལས་འགུལ་སྤེལ་སྐབས་ཚོགས་པ་དེ་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།

དྲི་བ། ལས་འགུལ་སྤེལ་ཕྱོགས་གང་འདྲ་དགོས་པ་རེད།
ལན། བོད་དོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་ཛ་དྲག་གི་གནས་སྟངས་འོག ལས་འགུལ་ག་འདྲ་ཞིག་སྤེལ་ཡང་ཕན་ཐོགས་ཡོད་པ་དང་། ཁྱབ་བསྒྲགས་ལ་ཤུགས་རྒྱག་དགོས་པ་གལ་ཆེན་ཡིན་སྐོར་གསུང་མཁན་འདུག ང་ཚོས་སྔོན་མ་ནས་གསར་འགོད་བརྒྱུད་ལམ་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་རེད་མོད། དེང་སྐབས་ཨོ་སི་ཁྲི་ལི་ཡ་དང། རྒྱ་ནག་གཞུང་བར་དཔལ་འབྱོར་གྱི་འབྲེལ་བ་ཤུགས་ཆེ་རུ་འགྲོ་ཡི་ཡོད་པས། གསར་འགྱུར་དྲ་རྒྱའི་སྦྱིན་བདག་དང་དོ་བདག་གཙོ་བོ་ཚོ་རྒྱ་ནག་དང་མཉམ་དུ་དཔལ་འབྱོར་གྱི་འབྲེལ་བ་ཆགས་ཡོང་སྐབས། བོད་ཟེར་བ་གོ་དུས་འདོད་མོས་ཞེ་དྲག་མེད་པ་ལྟ་བུ་བྱེད་ཀྱི་ཡོད་པའི་ཚོར་སྣང་ཡོང་གི་འདུག ཁྱབ་བསྒྲགས་དེའི་ཐོག་ཤུགས་རྒྱག་དགོས་ཀྱི་འདུག

དྲི་བ། ས་གནས་ཀྱི་གཞོན་སྐྱེས་བོད་མི་ཚོར་བོད་ཡིག་བོད་སྐད་སྦྱོང་རྒྱུའི་གོ་སྐབས་ཡོད་དམ།
ལན། བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་སྔོན་མ་ཚོས་བོད་ཡིག་སྦྱོང་རྒྱུ་དང་། བོད་པའི་རོལ་དབྱངས་སོགས་སྦྱོང་སའི་ཟུར་སྦྱོང་འཛིན་གྲྭ་ཞིག་གོ་སྒྲིག་བྱས་པ་རེད་མོད། དེར་བོད་མི་ཉུང་ཉུང་ཡིན་པས། སྦྱོང་མཁན་མ་ཡོང་བའི་དཀའ་ངལ་འཕྲད་པར་བརྟེན། དེ་གནས་སྐབས་མཚམས་བཞག་པ་རེད། ཡིན་ཡང་དེང་སྐབས་བསྐྱར་དུ་འགོ་བཙུགས་ཏེ། ཕྲུ་གུ་སྦྱོང་མཁན་གཅིག་ལས་མེད་ནའང་སློབ་དགོས་ཀྱི་འདུག་དགེ་རྒན་གཉིས་ལ་ལབ་པ་ཡིན། དེར་བརྟེན་གཞོན་སྐྱེས་ཚོ་མང་དུ་འགྲོ་ཡི་ཡོད་པས། ཟུར་སྦྱོང་འཛིན་གྲྭ་དེ་བསྐྱར་དུ་འགོ་འཛུགས་ཐབས་བྱེད་ཀྱི་ཡིན།

དྲི་བ། དེང་སྐབས་བོད་པའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མ་ཞེས་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་ཡོད་པས། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། སྔོན་མ་ངས་དངོས་གནས་རང་བཙན་གཙང་མ་ཞིག་མེད་ན་འགྲིག་གི་མི་འདུག བོད་དེ་ངའི་པ་ལགས་དང་། ཨ་མ་ལགས་ཀྱི་ས་ཆ་རེད། དེའི་ཐོག་སུ་གང་སྡོད་ཆོག་གི་མེད་བསམ་པའི་བསམ་ཚུལ་ཡོད། ད་ལྟ་སློབ་སྦྱོང་ཏོག་ཙམ་བྱས། འཛམ་གླིང་གི་གནས་བབ་ལ་བལྟས་ན། ༧རྒྱལ་བ་རིན་པོ་ཆེས་བཏོན་པའི་དབུ་མའི་ལམ་དེར་ནོར་འཁྲུལ་གང་ཡང་མཐོང་མ་སོང་། ད་ལྟ་རྒྱལ་ཁབ་མང་པོར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཡོང་དུས། རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གཞུང་དང་མཉམ་དུ་དཔལ་འབྱོར་གྱི་འབྲེལ་བ་ཤུགས་ཆེན་པོ་ཆགས་ཡོད་པས། དེ་ཚོར་བོད་རང་བཙན་ལ་རྒྱབ་སྐྱོར་དགོས་ཟེར་ན་དཀའ་ལས་ཁག་པོ་རེད་འདུག རྒྱལ་ཁབ་དེ་ཚོས་བོད་རང་བཙན་བཤད་དགོས་ན་མི་བདེ་བ་བྱེད་ཀྱི་རེད་ལ། དབུ་མའི་ལམ་དེ་རྒྱ་ནག་གི་དཔལ་འབྱོར་སྐོར་དང་མཉམ་དུ་བཤད་ཐུབ་པ་ཞིག་རེད། ང་ཚོས་ལས་འགུལ་སྤེལ་ན་ཡང་གོ་ཆོད་པ་དང་། དུས་ཚོད་ཀྱང་འཕྲོ་བརླག་མི་འགྲོ་རྒྱུར་ཕན་ས་རེད་བསམ་གྱི་འདུག །

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་ ༤༠༨  ཕྱི་ལོ་ ༢༠༡༢/༡༠/༡༧ ཐོག་བཀོད་ཡོད།

Share this:
༡༠༣ ཀློག་གྲངས།